ཀྲུང་ཨའི་དབར་དོན་ཚན་བརྒྱད་ལ་ངོས་འཛིན་གཅིག་མཐུན་བྱུང་བ།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༩ ཚེས་ ༢༩

ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་23ནས་25ཉིན་བར་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བ་དང་། དེའི་རིང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ་དང་དེ་བཞིན་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་དོན་ཚན་བརྒྱད་ལ་ངོས་འཛིན་གཅིག་མཐུན་བྱུང་བ་སྟེ།

གཅིག །ཕྱོགས་གཉིས་པོས“བརྩི་འཇོག་དང་། གཞུང་དྲང་། འདྲ་མཚུངས་བཅས་ལ་གཞིགས་པའི་ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ”འཛུགས་རྒྱུའི་མོས་མཐུན་གནང་བ།

གཉིས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་(G20)འགོ་ཁྲིད་པའི་དབུ་ཚོགས་ཡག་པོ་གཉེར་རྒྱུར་ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུའི་མོས་མཐུན་གནང་བ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་ཚོགས་འདུར་ཞུགས་འདོད་གནང་བ།

གསུམ། ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་མི་གཏོང་བའི་དབྱི་རན་གྱི་ཁས་ལེན་ལག་བསྟར་ལ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མོས་མཐུན་གནང་བ་དང་རྒྱལ་ཁབ་བམ་ཡང་ན་ལས་ཁུངས་གང་རུང་གིས་རྒྱལ་སྤྱིའི་ཆུ་ལམ་ལ་ལམ་རིན་བསྡུ་མི་ཆོག་པའི་མོས་མཐུན་གནང་བ།

བཞི། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཨ་རི་ནི་འཛམ་གླིང་དམག་ཆེན་གཉིས་པའི་མནའ་མཐུན་རྒྱལ་ཁབ་ཡིན་པས་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་ལ་རྒྱལ་ཁ་བླངས་པའི་སྐོར་དྲན་གསོ་གནང་བ།

ལྔ། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ལམ་སྲོལ་གྱི་དགེ་མཚན་ལྡན་པའི་ནུས་པ་དང་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་ཚོགས་པའི་གྲོས་མོལ་གྲུབ་འབྲས་ལ་ཁས་ལེན་གནང་བ་དེའི་ནང་ཚོང་དོན་ལས་འཛིན་ལྷན་ཚོགས་སོགས་ཀྱི་ལམ་སྲོལ་འཛུགས་པ་དང་འབྲེལ་སྐུལ་འདེད་གཏོང་བ་དང་། “ཨ་སྒོར་དུང་ཕྱུར་300”ཡི་འདྲ་མཚུངས་ཀྱི་ཁྲལ་གཅོག་ལ་གྲོས་མཐུན་བྱུང་བ། ཁྭ་ལ་ལུམ་ཕུར་གྱི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྲུབ་འབྲས་དུས་འགྱངས་བྱེད་པ་སོགས་ཚུད་པ་དང་འབྲེལ་དོན་འཁྱོལ་བྱེད་དགོས་པའི་མཛུབ་སྟོན་ཡང་གནང་བ།

དྲུག །ཀྲུང་ཨའི་དུག་འགོག་ཁྲིམས་བསྟར་སྡེ་ཚན་ཁག་གིས་མཉམ་ལས་བྱས་ནས་མཐོང་ཐུབ་པའི་གྲུབ་འབྲས་བཏོད་ཡོད། ཉེ་དུས་ཕྱོགས་གཉིས་པོས་མཉམ་ལས་དམ་ཟབ་བྱས་ཏེ་དུག་རྫས་རབས་གསུམ་པ་དང་དེ་བཞིན་དུག་རྫས་བཟོ་བའི་རྫས་འགྱུར་མ་བཅོས་རྒྱུ་ཆ་དང་འབྲེལ་བ་ཡོད་པའི་གྱོད་གཞི་མང་པོ་ཞིག་མཉམ་འབྲེལ་ཐོག་རྩད་ཆོད་ནས་འབྲེལ་ཡོད་ཉེས་གསོག་དོགས་ཅན་བཅུ་གྲངས་ཁ་ཤས་བཟུང་བ།

བདུན། ཕྱོགས་གཉིས་པོས་ཀྲུང་ཨའི་མི་ཐབས་རིག་ནུས་ཀྱི་སྐད་ཆ་ཤོད་རེས་དང་མི་ཐབས་རིག་ནུས་ཀྱི་འབྲེལ་ཡོད་དགེ་སྐྱོན་སྤེལ་རེས་ལ་མོས་མཐུན་གནང་ཞིང་། ཐེངས་རྗེས་མའི་གླེང་མོལ་ད་ལོའི་ཟླ་11པར་གནང་རྒྱུ་རེད། ཕྱོགས་གཉིས་པོས་མི་ཐབས་རིག་ནུས་དོན་རྐྱེན་གྱི་འབྲེལ་གཏུག་ཐབས་ལམ་འཛུགས་པར་མོས་མཐུན་གནང་བ།

བརྒྱད། ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་ཡ་ཐེ་ལན་ཏ་སྲོག་ཆགས་གླིང་ལ་གཡར་བའི་དོམ་ཁྲ་ཆ་གཅིག་ཨ་རིར་འབྱོར་བར་ཨ་རི་ཕྱོགས་ཀྱིས་དགའ་བསུ་ཞུས་པ།

གཞན་ཡང་ཀྲུང་གོ་དང་ཨ་རིའི་དམག་དཔུང་གཉིས་ཀྱིས་ད་དུང་ཉམས་ཉེན་འབྲེལ་གཏུག་དང་སྔོན་འགོག་ལ་ཤུགས་སྣོན་རྒྱག་པའི་བསམ་ཤེས་དྲན་ཐོར་གང་མགྱོགས་མིང་རྟགས་འགོད་པ་དང་མུ་མཐུད་མཉམ་ལས་བྱས་ནས་ཀྲུང་གོར་ཡོད་པའི་ཨ་རིའི་དམག་དཔུང་གི་གར་སོང་ཆ་མེད་དུ་གྱུར་པའི་དམག་མིའི་པུར་རུས་འཚོལ་རྒྱུའི་མོས་མཐུན་གནང་བ་རེད།