ཆེད་མཁས་པས་ལག་རྩལ་ཁྲིད་སྟོན་བྱས་ནས་བོད་ལུག་ཐོན་ལས་ཀྱི་འབབ་འཕར་ནུས་སྟོབས་སྐུལ་སློང་བྱས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༩ ཚེས་ ༢༨

མཐོ་སྒང་གི་འབྲོག་ལས་ཐོན་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་བ་དང་། བོད་ལུག་གསོ་ཚགས་དང་གཟན་རྩྭ་བེད་སྤྱོད་སོགས་ཀྱི་ལག་རྩལ་དཀའ་གནད་སེལ་ནས། འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་རྫོང་ཚན་རྩལ་ཞིང་ལས་ཅུས་ཀྱིས་ལྗོངས་གསུམ་གྱི་འཇོན་མིའི་རོགས་འདེགས་ཐོན་ཁུངས་དང་འབྲེལ་ནས། སི་ཁྲོན་ཞིང་ཆེན་རྩྭ་ཐང་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དབྱང་ཕིང་ཀུའེ་རྨེ་ཆུ་ཡུལ་ཚོ་རུ་གདན་དྲངས་ནས། ཆེད་དོན་ཚན་རྩལ་རོགས་སྐྱོར་ཞབས་ཞུ་ཡག་པོ་བསྒྲུབས་ནས་རོང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་རོགས་འདེགས་བྱས།

ཚན་རྩལ་རོགས་སྐྱོར་ལས་དོན་དེ་མཛོད་དགེ་རྫོང་གི་ཕྱུགས་ལས་ཐོན་ལས་ཀྱི་སྤུས་འབྲས་མཐོ་རུ་གཏོང་བའི་ལྟེ་བའི་དམིགས་ཚད་དང་དམ་པོར་འབྲེལ་ནས། བོད་ལུག་ཐོན་ལས་རིམ་སྤོར་དང་གཟན་རྩྭ་ཚན་མཐུན་བེད་སྤྱོད་སོགས་ཀྱི་ལས་འགན་ཆེན་པོ་གཉིས་ལ་ཁ་གཏད་དེ། གཞི་རིམ་གྱི་ཕྱུགས་ལས་གསོ་སྤེལ་ལག་རྩལ་གྱི་ཞན་ཆ་བསལ། རོགས་སྐྱོར་བྱེད་པའི་རིང་ལ་ཆེད་མཁས་པས་འབྲོག་ས་རུ་གཟན་རྩྭ་འདེམས་འཛུགས་རྟེན་གཞི་དང་ཚད་ལྡན་ཅན་གྱི་གསོ་ར། གཟན་རྩྭའི་མཛོད་ཁང་བཅས་ལ་ཡུལ་དངོས་རྟོག་ཞིབ་བྱས། མངའ་ཁོངས་ཀྱི་གཟན་རྩྭ་འདེབས་པའི་གཞི་ཁྱོན་དང་མཛོད་ཉར་བྱེད་སྟངས། བེད་སྤྱོད་ཀྱི་ཚད་བཅས་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། འབྲོག་པར་བོད་ལུག་གསོ་སྟངས་དང་ཉིན་རྒྱུན་གྱི་གཟན་ཆས་བྱིན་ཚད། དུས་བཞི་པོར་གཟན་ཆ་མཁོ་འདོན་བྱེད་པའི་གནས་ཚུལ་ཞིབ་འདྲི་བྱས་ནས། གཞི་རིམ་དུ་ལུག་གསོ་བའི་དཀའ་གནད་ལ་རྒྱུས་ལོན་ཞིབ་ཕྲ་བྱས།

ཁྱིམ་ཚང་ཡོངས་ཁྱབ་ཏུ་གནས་པའི་གཟན་རྩྭ་ཉུང་ལ་བེད་སྤྱོད་ཚད་དང་མི་མཐུན་པའི་གནད་དོན་ལ་དམིགས་ནས་གསོ་སྤེལ་ལག་རྩལ་གྱི་དོགས་གནད་ལ་འགྲེལ་ལན་བཏབ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་དཀའ་གནད་དངོས་ཐག་གཅོད་ཡག་པོ་བྱས། དུས་མཚུངས་སུ་མཛོད་དགེ་རྫོང་གི་བོད་ལུག་རྒྱུད་སྤེལ་དང་ཚད་ལྡན་ཅན་གྱི་གསོ་སྤེལ་ལག་རྩལ་ཁྱབ་སྤེལ། གཟན་རྩྭའི་གྲུབ་ཆ་ལེགས་སྒྱུར་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་ནས་རྟོག་ཞིབ་ཟབ་མོ་བྱས། ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་གསལ་པོར་བཏོན་ནས་རྗེས་སོའི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་སྔོན་ཐོན་ལག་རྩལ་དོན་འཁྱོལ་ཁྱབ་གདལ་གཏོང་བའི་ལས་ཀར་ཁ་ཕྱོགས་གསལ་པོ་སྟོན་ཏེ། མཛོད་དགེ་རྫོང་གི་ཕྱུགས་ལས་ཐོན་ལས་ཚད་ལྡན་ཅན་དང་ཚན་རིག་ཅན་དུ་འཕེལ་རྒྱས་འགྲོ་བར་ཆེད་ལས་ལག་རྩལ་མཁོ་འདོན་བྱས།