ཞི་ཅིན་ཕིང་སྟངས་དཔྱལ་གྱིས་ཐེ་རོན་ཕུའུ་སྟངས་དཔྱལ་དང་ཇ་མོལ་གནང་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། རིན་ཆེན་དབང་འདུས།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༩ ཚེས་ ༢༦

ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་25ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་སྐུ་ཟླ་མའེ་ལ་ཉི་ཡ་དང་ལྷན་དུ་ཕོ་བྲང་དཀར་པོར་ཇ་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ངེས་གནས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས། “བརྩི་འཇོག་དང་། དྲང་གཞག འདྲ་མཉམ་བཅས་རྨང་གཞིར་བྱས་པའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ”ཐུན་མོང་ཐོག་འཛུགས་རྒྱུར་མོས་མཐུན་གནང་བ་རེད།

ཞི་ཅིན་ཕིང་གིས། འདི་ནི་ང་རང་ལོ་11ཀྱི་རྗེས་སླར་ཡང་ཝ་ཧྲེང་ཐོན་དུ་ཡོང་ནས་ཨ་རིར་རྒྱལ་དོན་འཚམས་འདྲི་ཞུས་པ་ཞིག་ཡིན། ད་ཐེངས་ཀྱི་འཚམས་འདྲིའི་ཐོག་ང་ཚོས་སླར་ཡང་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ངེས་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ། “བརྩི་འཇོག་དང་། དྲང་གཞག འདྲ་མཉམ་བཅས་རྨང་གཞིར་བྱས་པའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ”ཐུན་མོང་ཐོག་འཛུགས་རྒྱུར་མོས་མཐུན་བྱས་པ་དང་། དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ལའང་ཕན་ཚུན་གཉིས་ཕན་གྱི་གྲུབ་འབྲས་ཐོབ་ཡོད་པས། རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་ཐོབ་རྒྱུ་རེད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་མདུན་ལམ་ནི་འོད་སྟོང་འབར་བ་ཞིག་ཡིན་པ་དང་། དེ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཞིག་རེད། དེ་དང་དུས་མཚུངས་སུ། འོད་ཟེར་གྱི་ཕྱོགས་སུ་སྐྱོད་པའི་བགྲོད་ལམ་ནི་རྟག་ཏུ་ཀྱག་ཀྱོག་ཡིན་ཞིང་། དཀའ་ངལ་དང་འགྲན་སློང་སྣ་ཚོགས་འཕྲད་སྲིད། དེ་ཡང་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་ཡོད། ང་རང་ནས་ཙུང་ཐུང་ཐེ་རོན་ཕུའུ་དང་མཉམ་དུ་ལོ་རྒྱུས་ལ་འགན་འཁུར་བའི་བློ་སྟོབས་དང་འགན་སེམས་ཀྱི་ཐོག་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་གོང་འཕེལ་གྱི་ལོ་རྒྱུས་ཐོག་བསུབ་ཐབས་མེད་པའི་ལེའུ་ཞིག་མཉམ་དུ་རྩོམ་འབྲི་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

ཐེ་རོན་ཕུའུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བ་དེ་ནི་དགེ་མཚན་གྱིས་ཕྱུག་ཅིང་ཧ་ཅང་ལེགས་གྲུབ་ལྡན་པའི་འཚམས་འདྲི་ཞིག་རེད། ཕྱོགས་གཉིས་པོས་ཨ་ཀྲུང་འབྲེལ་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་གཏིང་ཟབ་བྱས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་མང་པོ་ཐོབ་ཡོད། དེ་ནི་རྒྱལ་ཁབ་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་མུ་མཐུད་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཨ་རི་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་ལ་མཉམ་དུ་སྣེ་ཁྲིད་ཐུབ་རེ་བྱེད་བཞིན་ཡོད་ཅེས་བསྟན་ཡོད།

ཇ་མོལ་གྲུབ་རྗེས། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཐེ་རོན་ཕུའུ་དང་མའེ་ལ་ཉི་ཡའི་ཕེབས་རོགས་འོག་ཨ་རིའི་རྒྱལ་ཁབ་ཡིག་ཚགས་ཁང་དུ་ཕེབས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ལྷན་དུ་ཡིག་ཚགས་ཁང་གི་ཚོམས་ཆེན་དབུས་མར་ཕེབས་ནས། ཡིག་ཚགས་ཁང་དང་བཤམས་སྟོན་དངོས་རྫས་གཙོ་བོ་ངོ་སྤྲོད་ཞུས་པར་གསན་ཡོད།

ཞི་ཅིན་ཕིང་གིས། ཡིག་ཚགས་ནང་སྔོན་བྱོན་པའི་བློ་གྲོས་འདུས་ཡོད་ལ་འབྱུང་འགྱུར་གྱི་བློ་འབྱེད་ལྡེ་མིག་ཀྱང་ཡོད། ལོ་ངོ་250ཡི་རིང་། ཨ་རིའི་མི་དམངས་ཀྱིས་ཨ་རིའི་ཕུགས་འདུན་དོན་གཉེར་བྱས་ནས་ཨ་མེ་རི་ཁ་གླིང་བྱང་མའི་སྐམ་ས་ཆེན་པོའི་ཐོག་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཡོད། ཀྲུང་གོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་རྒྱང་ལམ་གསར་པའི་ཐོག་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས་ཡོད། ཀྲུང་གོ་དང་ཨ་རི་ནི་རང་སོར་ཐུན་མིན་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་གཉིས་ཡིན། མ་གཞི་རྒྱལ་ཁབ་གཉིས་པོའི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་ལམ་ལུགས། གོང་འཕེལ་འགྲོ་ལམ་བཅས་མི་འདྲ་མོད། འོན་ཀྱང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ནི་གཅིག་མཚུངས་ཡིན། ཕན་ཚུན་གྱི་མི་འདྲ་སར་ཁས་ལེན་དང་བརྩི་འཇོག་བྱེད་པ་དང་། ཕན་ཚུན་བསམ་ཤེས་དང་དཔྱད་གཞིར་འཛིན་པ། སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་བ། མཉམ་ལས་ཀྱི་གསལ་ཐོ་རིང་དུ་གཏོང་བ། མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་འོས་འཚམ་བཅས་བྱས་ཚེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་ཐོག་རྒྱང་བགྲོད་ཡོང་ཐུབ་ཅེས་གསུངས་ཡོད།