མཛོད་དགེ་རྫོང་གི་སྐབས་བཞི་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་གཟེབ་གྲུག་འགྲན་བསྡུར་དངོས་སུ་སྤེལ་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༩ ཚེས་ ༡༨

སྤྱི་ཟླ་9་པའི་ཚེས་16ཉིན། མཛོད་དགེ་རྫོང་གི་སྐབས་བཞི་པའི“མི་རིགས་མཐུན་སྒྲིལ་རྟགས་མའི”རྒན་དར་གཞོན་གསུམ་གྱི་གཟེབ་གྲུག་འགྲན་བསྡུར་མཛོད་དགེ་རྫོང་ལུས་རྩལ་ཁང་དུ་དངོས་སུ་སྤེལ་འགོ་བརྩམས་པ་དང་། འགྲན་བསྡུར་དེ་རུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལེགས་པོ་བསྐྱེད་པ་གཙོར་བཟུང་སྟེ། དམངས་ཡོངས་ལུས་སྦྱོང་དང་མི་རིགས་མཐུན་སྒྲིལ་ཡར་སྐུལ་གཅིག་ཏུ་སྦྲེལ་ནས། མཐོ་སྒང་གི་གཟེབ་གྲུག་རྩེད་དགའ་ཅན་རྣམས་ལ་འབྲེལ་སྟེགས་བསྐྲུན།

འགྲན་བསྡུར་དེ་རུ་བསྡོམས་པས་འགྲན་ཞུགས་རུ་ཁག་16དང་ལོ་ཚོད་40ནས་69བར་གྱི་འགྲན་ཞུགས་པ་168ཡོད། ལུས་རྩལ་པ་མང་ཆེ་བ་ནི་རྟག་པར་ལུས་རྩལ་ལ་དགའ་བོ་ཡོད་མཁན་ཡིན། འགྲན་ར་རུ་ཚང་མས་སྤྲོ་སྣང་ཆེན་མོས་སྤོ་ལོ་རྒྱུད་རྒྱག་དང་གཟེབ་ཏུ་འཕེན་པ་སོགས་མཐོ་སྒང་གི་རྒན་དར་གཞོན་གསུམ་གྱི་ཡར་སྐུལ་གྱི་བསམ་པའི་ཉམས་འགྱུར་ལེགས་པར་མངོན།

མཛོད་དགེ་རྫོང་གི་རྒན་དར་གཞོན་གསུམ་གྱི་གཟེབ་གྲུག་དགའ་ཞེན་མཐུན་ཚོགས་ཀྱི་ཚོགས་གཙོ་ཐང་ལྷས་བཤད་རྒྱུར། དེ་རིང་ནས་སྐབས་བཞི་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་གཟེབ་གྲུག་འགྲན་བསྡུར་དངོས་སུ་སྤེལ་བ་ཡིན། མཛོད་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ལུས་རྩལ་དང་ཡུལ་སྐོར་ཅུས་ཀྱིས་ངེད་རྒན་དར་གཞོན་གསུམ་ལ་གོ་སྐབས་དང་ལས་སྟེགས་འདི་འདྲ་ལེགས་པོ་མཁོ་འདོན་བྱས་པ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། གཟེབ་གྲུག་རྩེ་ན་ལུས་ཕུང་ལ་སྦྱོང་བརྡར་བྱེད་ཐུབ་པར་མ་ཟད་ང་ཚོའི་དགའ་ཕྱོགས་ཡིན་པས་ལུས་སེམས་གཉིས་བདེ་ལ་འགོད་ཐུབ། སླད་ཕྱིན་ཡང་འདི་དང་འདི་ལྟ་བའི་བྱེད་སྒོ་གང་མང་སྤེལ་ནས་ང་ཚོར་འབྲེལ་སྟེགས་ལེགས་པོ་བསྐྲུན་ཐུབ་པའི་རེ་བ་ཡོད་ཅེས་བཤད།

ཐང་སྐོར་གྲོང་རྡལ་གྱི་འགྲན་ཞུགས་པ་དཔལ་རྡོར་གྱིས་བཤད་རྒྱུར། ང་ནི་མཛོད་དགེ་རྫོང་རྒན་དར་གཞོན་གསུམ་གཟེབ་གྲུག་དགའ་ཞེན་མཐུན་ཚོགས་ཀྱི་ཚོགས་མི་ཞིག་ཡིན། མཛོད་དགེ་རྫོང་གིས་ང་ཚོར་ལུས་རྩལ་གྱི་སྟེགས་བུ་འདི་འདྲ་མཁོ་འདོན་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། གཟེབ་གྲུག་རྩེ་ན་ལུས་སྦྱོང་བྱེད་ཐུབ་པར་མ་ཟད་རྩེད་རོགས་གཞན་དང་འབྲེལ་འདྲིས་བྱེད་ཐུབ། ཚང་མ་གནས་གཅིག་ཏུ་འཛོམས་ནས་གཟེབ་གྲུག་གི་རྩལ་འགྲན་པའི་དཔལ་ལ་རོལ་ཐུབ་པས་དགའ་པོ་བྱུང་ཡོད་ཅེས་བཤད།

རྒྱུས་ལོན་པ་ལྟར་ན་རྗེས་སོའི་ཉིན་བཞི་ཡི་རིང་ལ་འགྲན་བསྡུར་ཆེ་ཆུང་60ལྷག་བཀོད་སྒྲིག་བྱས་ཡོད། འགྲན་ཞུགས་རུ་ཁག་སོ་སོས་ཞུམ་པ་མེད་པར་གཟེབ་གྲུག་གི་རྩལ་འགྲན་པར་ཞུགས་ནས་རྒྱ་ཆེའི་མང་ཚོགས་རྣམས་ལ་ངོ་མཚར་ལྟད་མོའི་གསོལ་སྟོན་བཤམ་རྒྱུ་རེད།