མཛོད་དགེ་རྫོང་གིས་སློབ་གྲྭ་ཆུང་འབྲིང་ཁག་ཏུ་དྲ་རྒྱའི་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༩ ཚེས་ ༡༧

གཞོན་ནུ་ལོ་ཆུང་གི་དྲ་རྒྱའི་བདེ་འཇགས་ཀྱི་འཛིང་རགས་བརྟན་པོ་བསྐྲུན་པ་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་དྲ་རྒྱའི་བདེ་འཇགས་ཀྱི་དོགས་ཟོན་འདུ་ཤེས་དང་རང་ངོས་སྲུང་སྐྱོང་ནུས་པ་ཆེ་རུ་གཏོང་བ། བདེ་འཇགས་དང་བདེ་ཐང་། སྤྱོད་གཙང་བཅས་ཀྱི་སློབ་གྲྭའི་དྲ་རྒྱའི་ཁོར་ཡུག་ལེགས་པོ་བསྐྲུན་ཆེད། སྤྱི་ཟླ་9པའི་ཚེས་15ཉིན། མཛོད་དགེ་རྫོང་གིས་དྲ་རྒྱའི་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་སློབ་གྲྭར་སྤེལ་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས། མངའ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་སྤྱོད་གོ་ཆོད་པའི་དྲ་རྒྱའི་བདེ་འཇགས་ཀྱི་ལག་ལེན་སློབ་གསོ་སློབ་ཁྲིད་བྱས།

སྒྲོག་འགྲེལ་དེ་རུ་སློབ་མ་ཚོ་ཉིན་རྒྱུན་དྲ་ལམ་དུ་ཞུགས་ནས་འབྲེལ་ཆས་སྤྱོད་པ་དང་དྲ་ལམ་དུ་རོལ་རྩེད་ལ་འཇུག་པའི་དངོས་ཡོད་གནས་ཚུལ་དང་འབྲེལ་ནས། དགེ་རྒན་རྣམས་ཀྱིས་སྒེར་གྱི་གསང་བ་སྲུང་བ་དང་དྲ་རྒྱའི་མགོ་བསྐོར་ལ་དོགས་ཟོན་བྱེད་པ། ཆ་འཕྲིན་རྫུན་མ་དང་རིང་དུ་བཀྱེད་པའི་ནང་དོན་གསལ་འགྲེལ་བྱས། ལོ་ན་ཆུང་བར་དམིགས་ནས། ཚང་མར་མི་རྒྱུས་མེད་ལ་ཁྱིམ་ཚང་གི་སྡོད་གནས་དང་འབྲེལ་གཏུག་ཁ་པར་སོགས་མི་སྒེར་གྱི་ཆ་འཕྲིན་བཤད་མི་རུང་བ་གསལ་པོར་བཤད། མཐོ་འབྲིང་དང་དམའ་འབྲིང་སློབ་མར་དྲ་ལམ་རོལ་རྩེད་དུ་སྒོར་མོ་བཞག་ན་ཁེ་སྤོགས་ཕྱིར་སློག་པ་དང་རིན་མི་དགོས་པར་སྐྱི་པགས་ལེན་པ། དངུལ་སྤྲད་པའི་ཞོར་ལས་སོགས་རྒྱུན་མཐོང་གི་གཡོ་ཇུས་གསལ་བཤད་བྱས་ནས། “གང་བྱུང་དུ་ཡིད་ཆེས་མི་བྱེད་པ་དང་། ཁེ་ཕན་ཁོ་ན་མི་སྙེག་པ། སྒོར་མོ་བསྐུར་མི་རུང་བ”བཅས་ཀྱི་གཡོ་ཇུས་སྔོན་འགོག་གི་ཐབས་ལམ་བློ་ལ་བརྟན་པོར་ངེས་དགོས་པའི་སྐུལ་མ་བཏང་།

མཛོད་དགེ་རྫོང་རྫོང་མཁར་སློབ་ཆུང་གཉིས་པའི་ལོ་རིམ་དྲུག་པའི་འཛིན་གྲྭ་བཞི་པའི་ལྷ་སྲུང་མཚོ་ཡིས་དྲ་རྒྱའི་བདེ་འཇགས་སྒྲོག་འགྲེལ་དེ་རུ་དངོས་སྤྱོད་ཤེས་བྱ་མང་པོ་རྒྱུད་ལ་ངེས། སླད་ཕྱིན་དྲ་ལམ་དུ་ཞུགས་ཚེ་སྒེར་གྱི་གསང་བ་སྲུང་ནས་དོགས་ཆེན་བྱེད་བཞིན་དྲ་རྒྱའི་གཡོ་ཇུས་དང་རིང་དུ་བཀྱེད་དེ། ཡ་རབས་སྤྱོད་གཙང་གི་སློབ་ཆུང་སློབ་མ་བྱ་རྒྱུ་ཡིན་ཞེས་བཤད།

མཛོད་དགེ་རྫོང་སློབ་འབྲིང་དམའ་གསུམ་འཛིན་གྲྭ་ལྔ་པའི་རྣམ་རྒྱལ་མཚོ་ཡིས་དྲ་རྒྱུ་ནི་གྲི་ཁ་གཉིས་མ་བཞིན་ང་ཚོར་སྟབས་བདེ་བསྐྲུན་ཞོར་ཉེན་ཁ་ངེས་ཅན་ཡོད་པས། དེ་རིང་གི་སྒྲོག་འགྲེལ་བརྒྱུད་དྲ་རྒྱའི་གཡོ་ཇུས་ལ་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱ་དགོས་ལ། དྲ་ལམ་གྱི་བརྙས་བཅོས་ལ་ཁ་ཕྱོགས་ནས་དཔང་རྟགས་ཉར་ཚགས་བྱ་དགོས་པར་མ་ཟད། དུས་ལྟར་དགེ་རྒན་དང་སློབ་གྲོགས་རྣམས་ལ་བཤད་ན་འོས་པ་ཤེས་བྱུང་ཞེས་བཤད།

སྒྲོག་འགྲེལ་དེ་རུ་སློབ་གྲྭའི་དོན་དངོས་ལ་གཞིགས་ནས་སྤྱོད་གོ་ཆོད་པའི་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་བསྒྲགས། རྗེས་ཕྱོགས་སུ་མཛོད་དགེ་རྫོང་གིས་སློབ་གྲྭ་ཁག་ཏུ་དྲ་རྒྱའི་བདེ་འཇགས་སློབ་གསོ་རྒྱུན་རྣམ་དུ་སྤེལ་ནས། རྒྱ་ཆེའི་ལོ་ཆུང་རྣམས་ལ་ཡང་དག་པའི་དྲ་རྒྱའི་ལྟ་བ་འཛིན་སྐྱོང་བྱས་ཏེ། སྤྱི་གཞུང་ནས་བདེ་འཇགས་དང་སྤྲོ་སྣང་འཕེལ་བ། བདེ་ཐང་གི་སློབ་རའི་དྲ་རྒྱའི་ཁོར་ཡུག་ལེགས་པོ་སྲུང་བར་ཁྲིད་སྟོན་བྱ་རྒྱུ་རེད།