མཚོ་བོད་ལྕགས་ལམ་གྱིས་མི་ཐེངས་དུང་ཕྱུར་1.04ལྷག་སྐྱེལ་འདྲེན་བྱས།
གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་ཉི་ཤུ་སོང་རིང་། རིམ་རྩིས་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་1.04ལས་བརྒལ་བ་དང་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར་8.24ལས་བརྒལ་ཏེ། མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱི་མི་སྣ་འགྲོ་འོང་དང་། དངོས་ཟོག་འཁོར་རྒྱུག ཐོན་ལས་འཕེལ་རྒྱས་བཅས་ཀྱི་འཕར་རྩ་ཆེན་པོར་འདེགས་སྐྱོར་བརྟན་པོ་བྱས་ཡོད།

ད་ལོའི་དབྱར་ཁའི་གུང་གསེང་རིང་། མཚོ་བོད་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་478སྐྱེལ་འདྲེན་བྱས་པ་དང་། དེ་དུས་མཚུངས་ལས་2.1%འཕར་ནས། སླར་ཡང་ལོ་རྒྱུས་ཀྱི་དུས་མཚམས་གཅིག་པའི་ཟིན་ཐོ་གསར་པ་བཏོད་ཡོད་པ་དང་། དེའི་ནང་སློབ་མའི་འགྲུལ་རྒྱུན་མི་ཐེངས་ཁྲི་14ལས་བརྒལ་ཡོད་པ་རེད། དེ་དང་ཆབས་ཅིག་ལྕགས་ལམ་སྡེ་ཚན་གྱིས་ས་གནས་སྲིད་གཞུང་དང་མཉམ་འབྲེལ་བྱས་ཏེ་ཟི་ལིང་འབབ་ཚིགས་ཀྱི་ཐང་ཆེན་བསྒྱུར་བཀོད་ལེགས་སྒྲུབ་བྱས་པ་དང་མདའ་བཞི་འབབ་ཚིགས་དང་དབུས་ལམ་འབབ་ཚིགས་ལེགས་སྒྱུར་རིམ་སྤོར་བྱས་པ་དང་ཚྭ་འདམ་འབབ་ཚིགས་ཤར་མའི་བསྒྱུར་བཀོད་ལས་གྲྭ་ཡང་ཟླ་9པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་ནས་སྤྱོད་རྒྱུ་ཡིན་པ་རེད།
ད་ལོའི་དབྱར་དུས་སྐྱེལ་འདྲེན་རིང་། བསྐྱར་དར་རྟགས་ཅན་གྱི་འགྲུལ་སྐྱེལ་མེ་འཁོར་མཚོ་བོད་ལྕགས་ལམ་ཟི་ལིང་ནས་ན་གོར་མོ་བར་གྱི་ལམ་དུམ་བུར་འཁོར་སྐྱོད་གཉེར་སྐྱོང་བྱས་པས་ལམ་རྒྱུད་ཀྱི་མང་ཚོགས་ཕྱིར་སྐྱོད་རྒྱུར་སྟབས་བདེ་བསྐྲུན་ཡོད།

མེ་འཁོར་དེ་གཟའ་འཁོར་རེའི་གཟའ་པ་སངས་ནས་གཟའ་ཉི་མའི་བར་གྱི་ཆུ་ཚོད་9དང་སྐར་མ་50ཡི་ཐོག་ཟི་ལིང་འབབ་ཚིགས་ནས་རྡོག་ཐོན་བྱེད་འགོ་ཚུགས་པ་དང་། མེ་འཁོར་སྐྱོད་སའི་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་ལམ་ཐིག་ཧྲིལ་པོའི་རིང་ཚད་སྤྱི་ལེ་814ཟིན་པ་དང་ལམ་རྒྱུད་ཀྱི་ས་བབ་མཐོ་ཤོས་སྨི་3500ལས་བརྒལ་ཡོད།
2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་ནས་བཟུང་། ཟི་ལིང་ནས་ན་གོར་མོའི་དུམ་བུར་རིམ་བཞིན་ལམ་ཐིག་རྐྱང་པ་དང་གློག་ཤུགས་ཅན་མེད་པ་ནས་ལམ་ཐིག་གཉིས་དང་ཁྱོན་ཡོངས་ནས་གློག་ཤུགས་ཅན་དུ་འགྱུར་བའི་བར་རིམ་སྤོར་བྱས་པ་དང་། 2023ལོར་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་གཏོང་འགོ་ཚུགས་པ་ནས་ད་ལོ་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་གྱི་ཉལ་འཁོར་གཏོང་འགོ་ཚུགས་པའི་བར་། ཟི་ལིང་ནས་ན་གོར་མོ་བར་གྱི་དུས་ཚོད་དེ་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པའི་ཐོག་མའི་དུས་ཀྱི་ཆུ་ཚོད་9ལྷག་ཙམ་ནས་ཆུ་ཚོད་ལྔ་དང་ཕྱེད་ཀ་ཡས་མས་བར་ཐུང་དུ་ཕྱིན་ཡོད།

ད་ཆ་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་གྱི་ཉལ་འཁོར་དེ་ལམ་རྒྱུད་ཀྱི་གྲོང་མི་དེ་བས་མང་བ་ཕྱིར་སྐྱོད་པའི་གདམ་ག་གསར་པ་ཞིག་ཏུ་གྱུར་བ་དང་། མིག་སྔའི་བར་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་2ལས་བརྒལ་བ་སྐྱེལ་འདྲེན་བྱས་ཏེ་མཚོ་སྔོན་ཟི་ལིང་དང་ན་གོར་མོ།གཏེར་ལེན་ཁ་བཅས་གྲོང་ཁྱེར་གསུམ་"ཆུ་ཚོད་ལྔའི་གྲོང་ཁྱེར་འཚོ་བའི་ཁོར་ཡུག"ནང་མཉམ་འདྲེས་དམ་ཟབ་བྱ་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད།
