རྒྱལ་སྲུང་པུའུ་ཡིས་སློབ་མའི་དམག་སྦྱོང་གི་ནང་དོན་གསར་བསྒྱུར་བྱ་རྒྱུ་རེད་ཅེས་བཤད།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན་ཁང་།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༩ ཚེས་ ༡༦

ཟླ་༩པའི་ཚེས་༡༤ཉིན་གྱི་ཕྱི་དྲོར་རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་ཅང་པིན་གྱིས་ཉེ་དུས་དམག་དཔུང་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།

གསར་འགོད་པ་ཞིག་གིས་ཆ་འཕྲིན་སྤེལ་བར་གཞིགས་ན། རྒྱལ་ཡོངས་ཀྱི་སློབ་ཆེན་དང་སློབ་འབྲིང་གི་སློབ་མ་གསར་པའི་དམག་སྦྱོང་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། སློབ་མས་དམག་དོན་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་དམག་དོན་རྩལ་ནུས་སྦྱོང་བརྡར་དང་ལེན་བྱས་པ་བརྒྱུད་རྒྱལ་སྲུང་འདུ་ཤེས་དང་དམག་དོན་བྱང་ཚད་མཐོ་རུ་གཏོང་བ་དང་སྙིང་སྟོབས་དང་གཤིས་རྒྱུད་སྦྱོང་བརྡར་བཅས་ཇེ་ལེགས་འགྲོ་བཞིན་ཡོད། མུ་མཐུད་ནས་ཞིབ་ཕྲའི་འབྲེལ་ཡོད་ཀྱི་གནས་ཚུལ་ངོ་སྤྲོད་བྱ་རྒྱུ་ཡིན་པར་བསྟན།

ཅང་པིན་གྱིས་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དང་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་སློབ་མའི་ཁྲོད་དམག་དོན་སྦྱོང་བརྡར་བྱེད་པ་ནི༼རྒྱལ་སྲུང་བཅའ་ཁྲིམས༽༼སློབ་གསོའི་བཅའ་ཁྲིམས༽༼རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས༽ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། ཀུན་སྤྱོད་འཛུགས་སྐྱོང་དང་མི་སྣ་སྐྱེད་སྲིང་བྱེད་པའི་གནད་འགག་གལ་ཆེན། ན་གཞོན་སློབ་མས་བློ་སྟོབས་སྦྱོང་བརྡར་བྱེད་པ་དང་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་གཏོང་བའི་ཐབས་ལམ་གལ་ཆེན་བཅས་རེད། ད་ལོ་དམག་དཔུང་གིས་དམག་སྦྱོང་མཛུབ་ཁྲིད་པ་ཁྱོན་མི་ཐེངས་ཁྲི་༥༠ཙམ་འདེམས་མངགས་བྱས་པ་དང་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁྲི་༢ལྷག་ཙམ་གྱི་སློབ་མ་ཁྲི་༣༠༠༠ཙམ་ལ་དམག་སྦྱོང་ལས་འགན་སྒྲིག་འཛུགས་བྱས་པས་ན་གཞོན་སློབ་མའི་དམག་དོན་བྱང་ཚད་དང་། དཔའ་ངར་ཞུམ་མེད་ཀྱི་སྤྱོད་ཚུལ། སྒྲིག་ཁྲིམས་འདུ་ཤེས་སོགས་ཡོངས་ཁྱབ་ངང་མཐོ་རུ་ཕྱིན་ནས་སྤྱི་ཚོགས་ཐོག་རྣམ་པ་བཟང་པོ་ཆགས་ཡོད།

མིག་སྔར་སློབ་གསོ་པུའུ་དང་ཀྲུང་དབྱང་དམག་ཨུའི་རྒྱལ་སྲུང་སྐུལ་སློང་པུའུ་བཅས་ཀྱིས་སློབ་མའི་དམག་སྦྱོང་རྩ་གནད་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ་དང་འཁོར་སྐྱོད་ལམ་སྲོལ་ལེགས་སུ་གཏོང་བཞིན་ཡོད་པ་དེའི་ནང་དུས་རབས་ཀྱི་ཁྱད་ཆོས་གསར་པ་དང་ཟུང་འབྲེལ་དང་། སྦྱོང་བརྡར་གྱི་ནང་དོན་གསར་སྒྱུར། རིག་ནུས་ཅན་དང་ཆ་འཕྲིན་ཅན་གྱི་སློབ་ཁྲིད་བྱ་ཐབས་བེད་སྤྱོད་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ཚུད་ཡོད་པ་མ་ཟད། ཞིང་ཆེན་ཁག་གཅིག་ཏུ་ཚོད་ལྟའི་སྦྱོང་བརྡར་བྱས་ནས་སློབ་མའི་དམག་སྦྱོང་ལས་དོན་སྤུས་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བཞིན་ཡོད་པ་སོགས་བཤད།