ཅོག་ཙེ་རྒྱལ་ཁང་གི་གསར་བརྗེའི་རིག་གནས་རྒྱུད་འཛིན་བྱས།

ད་ལོ་ནི་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་90ལོན་པའི་ལོ་ཡིན། སོ་མང་གཙང་པོ་དང་བརྗིད་ཉམས་ཆེན་པོའི་ངང་ནས་འགྱིང་ངེར་གནས་པའི་ཅོག་ཙེ་རྒྱལ་ཁང་། གནའ་ཉམས་ལྡན་པའི་བོད་ལུགས་མཁར་རྫོང་གི་རྒྱལ་རོང་ས་གཞི་ཆེན་མོར་རིན་ཐང་བྲལ་བའི་གསར་བརྗེའི་ཕྱིར་དྲན་ཡོད་ལ། འབར་ཁམས་ནི་ཆེས་མཚོན་བྱེད་རང་བཞིན་ལྡན་པའི་གསར་བརྗེའི་རིག་གནས་ཀྱི་མཚོན་རྟགས་ཀྱང་ཡིན།

ཅོག་རྩེ་རྒྱལ་ཁང་གི་འགྲེམས་སྟོན་ཁང་དུ་ལོ་རྒྱུས་ཀྱི་པར་རིས་དང་ཡི་གེ། དངོས་རྫས་སོགས་ལྷིང་འཇགས་གེར་བཞག་འདུག་པ་ལས་འདས་ཟིན་པའི་གསར་བརྗེའི་ལོ་ཟླ་དག་གཟི་བརྗིད་ལྡན་པའི་སྒོ་ནས་མངོན་ཡོང་། དེ་རུ་ད་དུང་ཅོག་ཙེའི་རྒྱལ་ཁང་གྱི་ཚོགས་འདུ་འཚོགས་ཡུལ་སོར་བཞག་བྱས་ནས་ཡོད། སྐབས་དེར་གནས་འདི་ནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ལས་དོན་ལ་ཆེད་དུ་བགྲོ་གླེང་བྱེད་པའི་ཚོགས་འདུ་གལ་ཆེན་ཞིག་འཚོགས་ནས་མི་རིགས་ཀྱི་འབྲེལ་ཡོད་སྲིད་ཇུས་ཡིག་ཆ་བཏོན་ནས། མི་རིགས་བར་གྱི་མཐུན་སྒྲིལ་དང་མི་རིགས་དང་ས་ཁོངས་བར་གྱི་འགལ་ཟླ་སེལ་བ་རེད། རྒྱང་སྐྱོད་མདུན་སྐྱོད་བྱེད་ཆེད་དམངས་སེམས་གཅིག་ཏུ་སྒྲིལ་བ་མ་ཟད། མཐོ་སྒང་མི་རིགས་ཀྱི་མཐུན་སྒྲིལ་བྱ་བཞག་ལ་རྨང་གཞི་བརྟན་པོ་བཏང་བ་རེད།

བཅའ་སྡོད་བྱེད་རིང་དུ། དམར་དམག་རུ་ཁག་གིས་སྒྲིག་ཁྲིམས་ནན་སྲུང་དང་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་ཏེ་ས་གནས་མང་ཚོགས་ཕན་ཚུན་བར་རོགས་རམ་དང་བརྩེ་སེམས་གཅིག་འདྲེས་བྱས་ལ། དམར་དམག་མི་ཉུང་བ་ཞིག་ལ་སེམས་འགུལ་ཐེབས་པའི་གཏམ་རྒྱུད་མང་པོ་བཞག་ནས་གསར་བརྗེའི་མེ་ལྕེ་མཐོ་སྒང་དུ་མཆེད་པ་རེད།

ས་གནས་འདིའི་ཐུན་མོང་མ་ཡིན་པའི་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས། གསར་བརྗེའི་རིག་གནས་དང་རྒྱལ་རོང་གི་ཡུལ་སྲོལ་གོམས་གཤིས། གྲོང་གསེབ་ཀྱི་ཁྱད་ལྡན་ཡུལ་སྐོར་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། མཐའ་འཁོར་རྫོང་མཁར་གྱི་དམངས་གཞིས་མགྲོན་ཁང་གཉེར་སྐྱོང་དང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་། དངོས་མིན་ཤུལ་བཞག་རིག་གནས་འཕེལ་རྒྱས་ལ་སྐུལ་ཁྲིད་བཏང་སྟེ། གསར་བརྗེའི་ཐོན་ཁུངས་དེ་གྲོང་གསེབ་དར་རྒྱས་དང་མང་ཚོགས་ཡོང་འབབ་འཕར་བའི་སྤུས་ལེགས་ཐོན་ཁུངས་སུ་བསྒྱུར།

