འབའ་ཐང་རྫོང་གི་དབྱར་གནས་དུས་སྟོན་སྤེལ་འགོ་བཙུགས།

ཉེ་ཆར། 2026ལོའི་དབྱར་གནས་དུས་སྟོན་ལྷ་མོ་ཟློས་གར་རིག་གནས་དུས་ཚིགས་འབའ་ཐང་རྫོང་ན་ཆུང་སྟེང་མང་ཚོགས་རིག་གནས་སྤྱི་གླིང་ནས་སྤེལ་འགོ་བཙུགས་པ་རེད། དབྱར་གནས་དུས་སྟོན་ནི་འབའ་ཐང་མི་དམངས་ཀྱི་དབྱར་སྐྱེལ་སྟོན་བསུའི་སྲོལ་རྒྱུན་དུས་སྟོན་ཞིག་ཡིན་ཞིང་། ལོ་ལྟར་སྤྱི་ཟླ་9པའི་ཟླ་སྟོད་དུ་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ནས་དུས་ཡུན་ཉིན་བདུན་རིང་ལ་གླུ་གར་དགའ་སྟོན་ལ་རོལ་བཞིན་ཡོད།


ཐེངས་འདིའི་དབྱར་གནས་དུས་སྟོན་རིང་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་འབའ་ཐང་གི་ལྷ་མོ་ཟློས་གར་གཙོ་བོ་བྱེད་པ་དང་། སྲོལ་རྒྱུན་དབྱར་གནས་དམངས་སྲོལ་དེ་རྨང་གཞི་བྱས་ཏེ་ལྷ་མོ་ཟློས་གར་མི་འདྲ་བའི་མཚོན་བྱེད་རང་བཞིན་གྱི་ཟློས་གར་ཚོགས་པ་དང་མཉམ་འགུལ་བྱས་ནས"ཉིན་མོ་ལྷ་མོ་ཟློས་གར་འཁྲབ་སྟོན་དང་མཚན་མོ་སྣ་མང་ཚོང་འདུས"ཀྱི་ལས་རྣམ་གསར་པ་བརྒྱུད་ནས་དངོས་སླེབས་མྱོང་རོལ་དང་ལྗོངས་ཡོངས་ལ་རིག་གནས་ཡུལ་སྐོར་མྱོང་རོལ་བྱ་ཆོག་པའི་ཁོར་ཡུག་ལེགས་པོ་བཏོད་པ་རེད།

བྱེད་སྒོ་སྤེལ་རིང་ཉིན་མོའི་ལེ་ཚན་ལ་བོད་ལྗོངས་སྟོད་ལུང་མཚོ་སྨད་ལྷ་མོ་ཟློས་གར་ཚོགས་པ་དང་རྔ་བ་ཁུལ་འཛམ་ཐང་ལྷ་མོ་ཟློས་གར་ཚོགས་པ། འབའ་ཐང་ལྷ་མོ་ཟློས་གར་ཚོགས་པ་བཅས་ཀྱིས་འཁྲབ་སྟོན་བྱས་ནས་ལྷ་མོ་ཟློས་གར་སྒྱུ་རྩལ་གྱི་འཁྲབ་སྟངས་སྣ་མང་མངོན་པར་མ་ཟད། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་སྐོར་གྱི་སྤེལ་རེས་དང་སློབ་སྦྱོང་བྱེད་པའི་སྟེགས་བུ་ཞིག་བསྐྲུན་པ་རེད། མཚན་མོའི་ལེ་ཚན་ལ་དབྱར་གནས་དུས་ཆེན་གྱི་སྲོལ་རྒྱུན་འཁྲབ་སྟོན་དང་གཟུགས་མེད་རིག་གནས་ཤུལ་བཞག་གོས་རྒྱན་བཤམ་འཁྲབ། རོལ་དབྱངས་འདུ་ཚོགས་སོགས་རྣམ་གྲངས་ཕུན་སུམ་ཚོགས་པོ་ཡོད་པ་རེད།

སྐབས་འདིའི་དབྱར་གནས་དུས་སྟོན་ནི་འབའ་ཐང་རྫོང་གིས་ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ་ཏུ་གཏང་བ་དང་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་ལ་སྐུལ་བའི་བྱ་ཐབས་ཤིག་ཡིན་པ་རེད། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་མཉམ་དུ་སྐུལ་བའི་རྒྱབ་ལྗོངས་འོག་འབའ་ཐང་རྫོང་གིས"མཐོ་སྒང་གནས་མཚོག"གི་ཐོན་ཁུངས་སྤུས་ལེགས་ལ་གཞི་ཚུགས་པ་དང"སྐྱིད་པོ་འབའ་ཐང"གི་ལྟེ་བའི་IPསྣེ་ཁྲིད་དུ་བྱས་ཏེ་G318ལམ་རྒྱུད་ཀྱི་དཔལ་འབྱོར་དེ་ས་ཁོངས་ཡོངས་སུ་མྱོང་རོལ་བྱེད་པའི་དཔལ་འབྱོར་ཕྱོགས་ལ་བསྒྱུར་བར་རྒྱུན་མཐུད་ངང་བསྐུལ། ད་ལོར་རྫོང་ཡོངས་ཀྱིས་ཡུལ་སྐོར་བ་ཁྲི་172.5སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་22.4བྱུང་ཡོད། དབྱར་གནས་དུས་སྟོན་འབྲེལ་ཐག་ཏུ་བྱས་ཏེ་ལོ་ངོ་སྟོང་གི་ལྷ་མོ་ཟློས་གར་འཕེལ་རྒྱས་དང་། རིག་གནས་བརྒྱུད་འཛིན་དང་ཐོན་ལས་དར་རྒྱས་གཏང་རྒྱུ་གཉིས་མཉམ་འགུལ་བཅས་བྱས་ཏེ། འབའ་ཐང་རྫོང་གིས་རིག་གནས་ལ་བརྟེན་ནས་དར་རྒྱས་དང་ཐོན་ལས་ལ་བརྟེན་ནས་མི་སེར་ཕྱུག་པོ་ཆགས་པའི་དུས་རབས་ཀྱི་ལེ་ཚན་གསར་པ་ཞིག་བྲི་དང་འབྲི་བཞིན་ཡོད་པ་རེད།

