ཞི་ཅིན་ཕིང་གིས་འབོ་གསེར་དབུ་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། པ་སངས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༩ ཚེས་ ༡༤

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་9ཚེས་12ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྡི་ལི་གསར་པར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པའི་དུས་མཚམས་དང་པོའི་གྲོས་ཚོགས་ལ་ཞུགས་གནང་ཡོད།

ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་ས། དབྱི་རན་གྱི་ཙུང་ཐུང་ཧྥེ་ཙེ་ཤིས་ཆི་དབྱང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཨའོ། ཨའེ་སའེ་ཨོ་པི་ཡའི་ཙུང་ལི་ཨ་པི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཨ་པོ་ཀྲ་པིའི་རྒྱལ་རྒྱུད་འཛིན་མཁན་ཧ་ལི་ཏེ། པ་ཙིར་གྱི་ཕྱི་འབྲེལ་དཔོན་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་དང་། རྒྱ་གར་གྱི་ཙུང་ལི་མོ་ཏིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།

ཞི་ཅིན་ཕིང་གིས་འགོ་བརྗོད་དུ《དུས་རབས་ཀྱི་འགན་འཁྲི་མཉམ་དུ་འཁུར་ནས། གདོང་ལེན་གྱི་སྟོབས་ཤུགས་སུ་འགྱུར་བ་བྱེད་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་ཡོད།

ཞི་ཅིན་ཕིང་གིས། འདི་ལོ་ནི་འབོ་གསེར་རྒྱལ་ཁབ་ཀྱིས་མཉམ་ལས་བྱས་ནས་ལོ་20འཁོར་བའི་ལོ་རེད། ལོ་20ཡི་རིང་། འབོ་གསེར་མཉམ་ལས་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་གོང་འཕེལ་དང་སྟོབས་ཆེར་ཕྱིན་ནས། སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གསོན་ཤུགས་དབྱར་མཚོ་རྒྱས་པ་ལྟར་མངོན་པས། དེང་སྐབས་འཛམ་གླིང་ཐོག་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་གསར་དར་ཁྲོམ་ར་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་སྟེགས་བུར་གྱུར་ཡོད། འདི་ནི་རང་ཚུགས་རང་འབད་ཀྱི་ལོ་20ཡིན། འབོ་གསེར་རྒྱལ་ཁབ་ཀྱིས་རྒྱལ་ཚུལ་དང་མཐུན་པའི་གོང་འཕེལ་གྱི་འགྲོ་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གསར་དར་ཁྲོམ་ར་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་ཐོག་སྟོབས་ཆེར་གཏོང་བའི་དཔེ་མཚོན་དུ་གྱུར་ཡོད། འདི་ནི་སྐྱིད་སྡུག་མཉམ་མྱོང་གི་ལོ་20ཡིན། འབོ་གསེར་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་དང་། ཏོག་གསར་རིམས་ནད། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་འགྲན་སློང་ལ་ཁ་གཏད་བཅག་པ་དང་། བློ་བརྟན་འགྱུར་མེད་ངང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱས་ནས། འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་མཁོ་འདོན་བྱས་ཡོད། འདི་ནི་གྲུབ་འབྲས་གཡུར་དུ་ཟ་བའི་ལོ་20ཡིན། འབོ་གསེར་རྒྱལ་ཁབ་ཀྱིས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཁོངས་གཏོགས་མང་དུ་བཏང་བ་དང་། ཕྱོགས་ཡོངས་དང་རིམ་པ་མང་བའི་མཉམ་ལས་སྒྲོམ་གཞི་བཙུགས་ནས།“འབོ་གསེར་ཆེན་པོའི་མཉམ་ལས”ཀྱི་སྤུས་མཐོའི་གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་ཕྱིན་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མངོན་གསལ་དོད་པོས་སྟོབས་ཆེར་ཕྱིན་པ། འཛམ་གླིང་སྣེ་མང་ཅན་འགོག་ཐབས་མེད་པར་གྱུར་ཡོད། དེ་དང་ཆབས་ཅིག་ཕྱོགས་རྐྱང་པའི་རིང་ལུགས་དང་བཙན་དབང་ཆབ་སྲིད་དུས་རབས་ཀྱི་རླབས་རྒྱུན་དང་ལྡོག་ནས་ཐོན་པ་དང་། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་རྡབ་གསིག་ཕོག་པ། ཞི་བདེའི་མཚལ་ཡིག་དང་། གོང་འཕེལ་མཚལ་ཡིག བདེ་འཇགས་མཚལ་ཡིག བཅོས་སྐྱོང་མཚལ་ཡིག་བཅས་མུ་མཐུད་འཕར་བ་ལས་ཉུང་དུ་ཕྱིན་མེད། འབོ་གསེར་རྒྱལ་ཁབ་ཀྱིས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་ནས། དུས་རབས་ཀྱི་གདོང་ལེན་པ་བློ་ཁོག་ཆེན་པོས་བྱས་ཏེ་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྣེ་ཁྲིད་བྱེད་པ་དང་། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

དེ་ཡང་གཅིག་ནས་གསར་གཏོད་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གདོང་ལེན་པ་བྱེད་དགོས། རང་འགུལ་དབང་ཆ་དམ་པོར་བཟུང་བ་དང་། མི་ཐབས་རིག་ནུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཁུངས་ཚབ་གྲངས་གཞི་མཉམ་སྤྱོད་ལ་སྐུལ་མ་གཏོང་བ། དངོས་སྒྲུབ་མཉམ་ལས་གསར་པ་དང་རྩེར་སོན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འབོ་གསེར་རྒྱལ་ཁབ་ཁག་འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་ནང་ཧུར་ཐག་ངང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་མི་ཐབས་རིག་ནུས་ཀྱིས་རྣམ་པ་གསར་པའི་བཟོ་ལས་ཅན་ལ་ནུས་པ་འདོན་སྤྲོད་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་ཕྱོགས་ཁག་དང་ཐུན་མོང་ཐོག་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ཀྱི་གྲུབ་འབྲས་དེ་བས་མང་བ་གཏོད་དེ་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད།

གཉིས་ནས་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གདོང་ལེན་པ་བྱེད་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་རུང་བ་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། འཇམ་འཐབ་ཀྱི་བསམ་བློ་དང་དཔུང་ཁག་འགྲན་རྒོལ་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་གཞན་གྱི་བདག་དབང་ལ་བཙན་གནོད་དང་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་པ། དགེ་མཚན་ལྡན་པའི་སྒོ་ནས་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པའི་ནང་ཞུགས་ནས། རྩ་ལག་མཉམ་བཅོས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་ཆེད་འབོ་གསེར་རྒྱལ་ཁབ་ཀྱི་ཐུན་མིན་ཁྱད་ཆོས་ལེགས་སྐྱེས་སུ་འབུལ་དགོས།ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་ཁོངས་གཏོགས་རྒྱལ་ཁབ་དང་མཉམ་དུ་དབུས་ཤར་མཚོ་ཁུག་ས་ཁུལ་གྱི་ཞི་བདེ་ལྷིང་འཇགས་མངོན་འགྱུར་ཡོང་ཆེད་ནུས་པ་འདོན་སྤེལ་བྱེད་འདོད་ཡོད།

གསུམ་ནས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བའི་གདོང་ལེན་པ་བྱེད་དགོས། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། མཐུན་འགྲོགས་མཉམ་གནས་དར་སྤེལ་གཏོང་དགོས། འབོ་གསེར་རྒྱལ་ཁབ་ཀྱི་མི་ཆོས་རིག་གནས་སྤེལ་རེས་གླེང་སྟེགས་ཡག་པོ་གཉེར་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་བརྟན་པོའི་ངང་གོང་འཕེལ་གཏོང་ཆེད་དྲང་ནུས་གཅིག་སྡུད་བྱེད་དགོས། རིག་གནས་དང་། ཡུལ་སྐོར། སློབ་གསོ་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། གཞོན་ནུའི་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་།མང་ཚོགས་རྟག་ཏུ་ཕན་ཚུན་འགྲོ་འོང་དང་མཛའ་བཤེས་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

བཞི་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་བསྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་གདོང་ལེན་པ་བྱེད་དགོས། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས། སྔར་ལས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་དགོས། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལྟེ་བར་གྱུར་བའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱས་ནས། རྣམ་པ་མཐའ་དག་གི་སྲུང་སྐྱོང་རིང་ལུགས་ཀྱི་བྱེད་ཐབས་བཀག་འགོག་བྱེད་དགོས། དྲ་རྒྱ་དང་། བར་སྣང་། མཚོ་གཏིང་སོགས་ས་ཁོངས་གསར་པའི་གོ་ལ་ཧྲིལ་པོར་བཅོས་སྐྱོང་བྱེད་པར་སྣེ་ཁྲིད་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ལོ་ངོ་ཉི་ཤུ་སྐྱིད་སྡུག་མཉམ་མྱོང་བྱས་པ་བརྒྱུད།མཐུན་སྒྲིལ་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་འབོ་གསེར་བྱ་གཞག་གཏོང་འཕེལ་གཏོང་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། ཕན་ཚུན་དབར་ཟོལ་མེད་ཀྱི་ལྟ་སྟངས་འཛིན་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག ཕན་ཚུན་གྱི་ལྟེ་བའི་དོ་ཁུར་ལ་བརྩི་འཇོག་བཅས་མཐའ་འཁྱོངས་བྱེད་པ་དང་།འབྲེལ་གཏུག་དང་སྐད་ཆ་ཤོད་རེས་ལ་བརྟེན་ནས་ཕན་ཚུན་བསམ་ཤེས་ཟབ་ཏུ་གཏོང་བ་དང་འགལ་ཟླ་དང་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱས་ཏེ། འབོ་གསེར་མཉམ་ལས་བརྟན་ཐོག་རྒྱང་བགྲོད་ཐུབ་པར་འགན་ལེན་ཏིག་བྱེད་དགོས།ཀྲུང་གོས་སང་ལོར་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་དགུ་པ་གཙོ་གཉེར་བྱ་རྒྱུ་རེད། ཀྲུང་གོས་ཕྱོགས་ཁག་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་འབྱུང་འགྱུར་གཏོད་དེ་འབོ་གསེར་མཉམ་ལས་ཀྱི“རྫོགས་ལྡན་གྱི་ལོ་བཅུ་པ”གསུམ་པ་འགོ་བརྩམས་ནས། དར་རྒྱས་ཡར་ཐོན་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་མཉམ་དུ་གཏོད་འདོད་ཡོད་ཅེས་ནན་སྟོན་གནང་བ་རེད།

ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་འབོ་གསེར་མཉམ་ལས་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཡོད།

ཕྱོགས་ཁག་གིས་འབོ་གསེར་དབུ་བརྙེས་ནས་ལོ་20ཡི་རིང་ཐོབ་པའི་གོང་འཕེལ་གྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཚང་མས།འབོ་གསེར་ལམ་སྲོལ་ལ་རྒྱ་ཁྱབ་ཀྱི་མཚོན་བྱེད་རང་བཞིན་ལྡན་པ་དང་གོང་འཕེལ་གྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ས་ཁུལ་གྱི་གདོང་ཐུག་ཛ་དྲག་ཏུ་ཕྱིན་པ་དང་ཕྱོགས་རྐྱང་པའི་རིང་ལུགས་མགོ་འདེགས་པའི་མདུན་དུ་འབོ་གསེར་རྒྱལ་ཁབ་ལ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཆེད་དུ་སྐད་ཆ་ཤོད་པ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་ནུས་པར་རྒྱབ་སྐྱོར། རྒྱལ་ཁབ་ཁག་གི་བདག་དབང་འདྲ་མཉམ་སྲུང་སྐྱོང་། རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ། རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་གཅོག་དགོས་པའི་འགན་འཁྲི་ཡོད།ཕྱོགས་ཁག་གིས་འབོ་གསེར་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་གྱི་ལྡེམ་ཤུགས་ཆེ་རུ་གཏོང་བ། དེ་བས་དྲང་གཞག་དང་བསྟུན་མཁས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བདེ་འཇགས་དར་རྒྱས་ཀྱི་སྣེ་མང་ཅན་གྱི་འཛམ་གླིང་ཞིག་འཛུགས་སྐྱོང་བྱེད་དགོས།ཕྱོགས་ཁག་གིས་ཀྲུང་གོས་འབོ་གསེར་ལམ་སྲོལ་གོང་འཕེལ་དང་སྟོབས་ཆེར་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་བྱེད་པ་དང་། ཀྲུང་གོས་སང་ལོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་དགུ་པ་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཏེ། འབོ་གསེར་མཉམ་ལས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

གྲོས་ཚོགས་ཐོག《འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པའི་རྡི་ལི་གསར་པའི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་ཡོད།

གྲོས་ཚོགས་འཚོགས་རིང་། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་འབོ་གསེར་དབུ་བརྙེས་ནས་ལོ་20འཁོར་བའི་པར་རིས་འགྲེམས་སྟོན་ལ་གཟིགས་གནང་བ་དང་། ལྷན་དུ་ཤིང་འཛུགས་པ་དང་མཉམ་སྡེབ་སྐུ་པར་བསྐྱོན་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད།