ཞི་ཅིན་ཕིང་གིས་དགེ་རྒན་དང་སློབ་གསོའི་ལས་དོན་པར་རྟེན་འབྲེལ་ཞུས་པ།
དགེ་རྒན་དུས་ཆེན་ཐེངས་ཞེ་གཉིས་པ་འཆར་ཉེར་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཡོད།
ཞི་ཅིན་ཕིང་གིས། དུས་ཡུན་རིང་པོའི་ནང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ཚོས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱས་པ་དང་། སློབ་གསོའི་ལས་དོན་ཐད་རྩེ་གཅིག་ཏུ་གཞོལ་ནས་སློབ་ཁྲིད་མི་སྐྱོང་གནང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག རྒྱ་ཆེའི་དགེ་རྒན་ཚོས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་། རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས། ཀུན་སྤྱོད་འཛུགས་སྐྱོང་དང་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་དང་། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། དགེ་རྒན་གྱི་ཀུན་སྤྱོད་དང་ཉམས་འགྱུར་བཟང་པོ་འཛུགས་པ། ཆེད་ལས་ཀྱི་བྱང་ཚད་དང་ནུས་པ་མཐོ་རུ་གཏོང་བ། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བཅས་བྱ་རྒྱུའི་རེ་བ་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱས་ཏེ། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་བཏོད་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་གི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
