ཟུང་ཆུ་རྫོང་གི་པི་མན་གདངས་མང་གླུ་གཞས་དུས་སྟོན་སྐབས་བརྒྱད་པ་འཚོགས་འགོ་བརྩམས།

སྤྱི་ཟླ་9ཚེས་8ཉིན། ཟུང་ཆུ་རྫོང་གི་པི་མན་གདངས་མང་གླུ་གཞས་དུས་སྟོན་སྐབས་བརྒྱད་པ་ཞའོ་ཞིན་ཡུལ་ཚོའི་ལྟེ་གནས་སློབ་ཆུང་དུ་འཚོགས་འགོ་བརྩམས། མི་རིགས་ཁག་གི་མང་ཚོགས་རྣམས་ཀྱིས་དུས་སྟོན་གྱི་གཟབ་གོས་བཟང་པོ་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་རང་བཞིན་དང་ལྡན་པའི་དགའ་སྟོན་ལ་དགྱེས་འཛོམས་བྱུང་ཡོད།
རི་ཆུ་ནགས་གསུམ་འཛོམས་པའི་ཁོར་ཡུག་བཟང་པོ་ན་གླུ་ངག་གར་འཆམ་གྱི་ལྟད་མོ་ཅི་བས་ཆེ། གར་སྟེགས་སྟེང་དུ། པི་མན་གདངས་མང་གླུ་གཞས་དང་། གླུ་ཤགས་བཀྱེ་བ། ཆའང་རིགས་ཀྱི་གླིང་བུ་འབུད་པ། གུག་ཟི་འཐེན་པ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་གཅིག་འཕྲོར་གཅིག་གི་ཚུལ་དུ་མངོན་ཅིང་། གནའ་བོའི་ཆའང་རིགས་ཀྱི་གླུ་གཞས་སྙན་མོའི་བྲག་ཅ་ཁོ་ར་ཁོར་མོར་ཁྱབ།

ཁུལ་རིམ་པའི་ཆའང་རིགས་ཀྱི་གདངས་མང་རྒྱུན་འཛིན་པ་ཞིའོ་ལུང་པོ་ཚེ་རིང་གིས“ཆའང་རིགས་ལ་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ལྡན་ཡོད། གཞས་ཉི་ས་ཟེར་བ་དང་ཧ་ཡི་ཧ་ལ་ཟེར་བ། དེ་མིན་ལོ་ལེགས་བྱུང་བའི་གཞས། སོ་ནམ་བྱེད་པའི་གཞས་སོགས་ཧ་ཅང་མང་། མ་འོངས་པར་ལོ་ཆུང་རྣམས་གསོ་སྐྱོང་བྱ་དགོས། གནའ་བོ་ནས་བརྒྱུད་པའི་གླུ་གཞས་སྙན་མོ་འདི་དག་ངེས་པར་རྒྱུན་འཛིན་ཐུབ་པ་ཡོང་དགོས”ཟེར།
ཆའང་རིགས་ཀྱི་པི་མན་གདངས་མང་གླུ་གཞས་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ། “པི་མན”ཞེས་པ་ནི་ཆའང་རིགས་ཀྱི་སྐད་དེ། དེ་ནི་ཕ་མ་དང་རྩ་བ་དང་མ་གཞི་ཡི་དོན་ཡིན་པར་བཤད། པི་མན་གདངས་མང་གླུ་གཞས་ནི་མཐོ་དམའ་མཉམ་འགྲོགས་ལྟ་བུར་ལེན་ཅིང་གདངས་ཤིན་ཏུ་སྙན་མོ་ཡོད་པ་ཞིག་ཡིན། ད་སྔར་པི་མན་གདངས་མང་གླུ་གཞས་དུས་སྟོན་སྐབས་བརྒྱད་འཚོགས་ཟིན་ལ། ད་ལྟ་པི་མན་གླུ་གཞས་དུས་སྟོན་ནི་མངོན་མིན་རིག་གནས་རྒྱུན་འཛིན་བྱེད་པ་དང་མི་རིགས་བར་གྱི་སྤེལ་རེས་དང་འབྲེལ་འདྲིས་དང་མཉམ་འདྲེས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།

རྒྱལ་ཁབ་རིམ་པའི་ཆའང་རིགས་ཀྱི་གདངས་མང་རྒྱུན་འཛིན་པ་ཅན་ཁྲེ་ཡ་ཡིས“བདག་གི་ཕྲག་པར་འགན་ཁུར་ཆེན་པོ་ཞིག་བབས་ཡོད། དེ་ནི་ཆའང་རིགས་ཀྱི་གདངས་མང་གླུ་གཞས་དར་སྤེལ་བཏང་ནས་རྒྱལ་ཡོངས་ཙམ་དུ་མ་ཟད། འཛམ་གླིང་གི་མི་རྣམས་ལ་ཤེས་སུ་འཇུག་དགོས། ཡང་དག་པར་སློབ་པ་དང་རྒྱུན་འཛིན་དང་ཉར་ཚགས་ཡག་པོར་བྱས་ཏེ། ན་ཆུང་སྔར་བས་མང་པོ་ཞིག་འདི་ཉིད་རྒྱུན་འཛིན་གྱི་བྱ་བར་ཞུགས་ཐུབ་པར་རེ་བ་ཆེ”ཟེར།
ཞའོ་ཞིན་ཡུལ་ཚོ་ནི་བོད་རིགས་དང་ཆའང་རིགས། རྒྱ་རིགས་སོགས་མི་རིགས་མང་པོ་འདུས་སྡོད་ཀྱི་ཡུལ་གྲོང་ཞིག་ཡིན། ད་ཐེངས་ཀྱི་གླུ་གཞས་དུས་སྟོན་དུ་མངོན་མིན་རིག་གནས་ཤུལ་བཞག་ལྟེ་བར་བཟུང་ཞིང་། མང་ཚོགས་ཀྱི་གསར་གཏོད་དང་མང་ཚོགས་ཀྱི་འཁྲབ་སྟོན། མང་ཚོགས་ཀྱི་བགོས་རོལ་བཅས་ཏེ། མི་རིགས་ཁག་གི་མང་ཚོགས་རྣམས་ཀྱིས་གནའ་བོའི་གླུ་གཞས་ཀྱི་ཉམས་ལ་བརྟེན་ནས་འཚོ་བ་གསར་པར་བསྟོན་པ་འཐེན་པ་དང་མི་རིགས་མཐུན་སྒྲིལ་གྱི་བྱ་བར་བསྐུལ་འདེད་བཏང་།

ཞའོ་ཞིན་ཡུལ་ཚོའི་ཡུལ་དཔོན་དབྱང་སུང་གིས“ཆའང་རིགས་ཀྱི་པི་མན་གདངས་མང་གླུ་གཞས་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན། 2018ལོ་ནས་བཟུང་ད་བར་དུ། ང་ཚོས་པི་མན་གླུ་གཞས་དུས་སྟོན་སྐབས་བརྒྱད་འཚོགས་ཟིན། དམིགས་ཡུལ་གཙོ་བོ་ནི་ཕུལ་དུ་བྱུང་བའི་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་པ་དེ་ཡིན་ལ། གནའ་བོའི་ཆའང་རིགས་ཀྱི་གླུ་གཞས་ལ་གསོན་ཤུགས་གསར་བ་རྒྱས་སུ་འཇུག་དགོས”ཟེར།
ཉེ་བའི་ལོ་ནས་བཟུང་། ཟུང་ཆུ་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པ་དང་གྲོང་གསེབ་ཀྱི་འཛུགས་བསྐྲུན་མཉམ་འདྲེས་ཡོང་བར་བསྐུལ་ཏེ། པི་མན་གླུ་གཞས་ཀྱི་ཐབས་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭ་དང་གྲོང་གསེབ་ཏུ་སྤེལ་བ་དང་རྒྱུན་རྣམ་ཅན་དུ་སྤེལ་ལེན་བྱས་ཤིང་། སློབ་མ་བསྡུ་བ་དང་ངག་རྩལ་བརྒྱུད་སྤྲོད་བྱེད་པ། གཞོན་ནུ་ལོ་ཆུང་ལ་སློབ་སྦྱོང་སྤྲོད་པ་སོགས་ཀྱི་ཐབས་ཤེས་ལྟར། གནའ་བོའི་མངོན་མིན་རིག་གནས་ཤུལ་བཞག་ལ་གསོན་ཤུགས་བསྩལ་ནས་དེ་དག་རྒྱུན་འཛིན་ཡོང་བར་བྱས།

པི་མན་གླུ་གཞས་ནི་མངོིན་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན་གྱི་སྟེགས་བུ་ཞིག་ཡིན་པར་མ་ཟད། གྲོང་གསེབ་ཀྱི་རྣམ་པ་བཟང་པོ་སྟོན་པ་དང་ཡུལ་སྲོལ་གོམས་གཤིས་བཟང་པོ་སྲུང་བའི་ཐབས་མཆོག་ཅིག་ཀྱང་ཡིན། དེས་འཆམ་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་འཛུགས་བསྐྲུན་ལ་རིག་གནས་ཀྱི་སྟོབས་ཤུགས་བསྩལ་ཡོད། གོམ་སྟབས་རྗེས་མར། ཟུང་ཆུ་རྫོང་གིས་མུ་མཐུད་དུ་མངོན་མིན་རིག་གནས་ཤུལ་བཞག་གི་རིན་ཐང་སྔོག་འདོན་དང་ནུས་བསྐྱེད་རྒྱུན་འཛིན་གྱི་རྣམ་པ་གསར་གཏོད་བགྱིས་ཏེ། ཁྱད་ལྡན་རིག་གནས་ཀྱི་ཟོང་རྟགས་ཀྱིས་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད།
