རྣམ་དཀར་དགེ་བའི་ལས་འདིར་གུས་འདུད་ཞུ། མཛོད་དགེའི་སློབ་གསོའི་བྱ་བཞག་ཏུ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཀོད་འདུག

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༩ ཚེས་ ༡༡

སྤྱི་ཟླ་9པའི་ཚེས་9ཉིན། མཛོད་དགེ་རྫོང་གིས་དགེ་རྒན་དུས་ཆེན་ཐེངས་42པ་དང་སློབ་གསོ་འཕེལ་རྒྱས་ཀྱི་སྐུལ་ལྕག་ཚོགས་ཆེན་འཚོགས་ནས། སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཚོགས་པ་དང་མི་སྒེར་ལ་གཟེངས་བསྟོད་བྱས། སློབ་གསོ་བའི་སྙིང་སྟོབས་དར་སྤེལ་གཏོང་བཞིན་རྒྱ་ཆེའི་དགེ་རྒན་རྣམས་ལ་བསྟོད་པའི་མཐེ་བོང་བསྒྲེངས། ཁ་བ་གངས་རིའི་ལྗོངས་ཀྱི་དགེ་རྒན་ལ་བརྩི་ཞིང་སློབ་གསོ་གཙིགས་སུ་འཛིན་པའི་རྣམ་པ་ལེགས་པར་མངོན།

ཚོགས་ཆེན་དེ་རུ་རྫོང་གི་སློབ་གསོའི་གྲུབ་འབྲས་ལ་མངོན་པར་བསྟོད། 2026ལོར་མཛོད་དགེའི་སློབ་གསོར་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་སྟེ། ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་སློབ་ཁྲིད་སྐོར་གྱི་རིག་ཚན་དང་དངོས་ཚན་གཉིས་ནས་ཨང་དང་པོའི་གཡུར་ཟའི་རྒྱུགས་འབྲས་བླངས་པ་དང་། དངོས་གཞི་ལ་རྒྱུགས་འཕྲོད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད། དེ་མིན་མཐོ་རྒྱུགས་ཀྱི་དམིགས་བསལ་སྐར་གྲངས་ལས་བརྒལ་ནས་མཐོ་སྒང་གི་རྫོང་གྲོང་མཐོ་འབྲིང་གི་སློབ་གསོ་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ཕྱིན་པ་མངོན་འགྱུར་བྱུང་།

ཚོགས་ཆེན་དེ་རུ་ཐག་རིང་ནས་ཡོང་བའི་སློབ་གསོ་རོགས་སྐྱོར་ཚོགས་པར་གུས་འདུད་ཞུས། རྒྱུས་ལོན་པ་ལྟར་ན། ཀྲེ་ཅང་གི་ཁ་གཏད་རོགས་སྐྱོར་དང་“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར། དེ་མིན“ཁུལ་གསུམ”གྱི་སློབ་འདེགས་བྱེད་སྒོ་སྤེལ་ཚུན། སློབ་འདེགས་དགེ་རྒན་130ལྷག་མཐོ་སྒང་ས་ཁུལ་དུ་རྐང་ཚུགས་ནས་སློབ་གསོའི་ལས་ལ་གཞོལ། རྒྱུད་རོགས་ཁྲིད་གསུམ་ལ་བརྟེན་ནས་ས་གནས་སུ་དགེ་རྒན་གྲགས་ཅན་གྱི་ལས་དོན་ཁང་འཛུགས་པར་འདེགས་སྐྱོར་བྱས། ས་གནས་ཀྱི་རྐང་འཛིན་དགེ་རྒན་30ལྷག་སྐྱེད་སྲིང་བྱས། ཁུལ་རིམ་པ་དང་དེའི་ཡན་གྱི་སློབ་ཁྲིད་གཟེངས་རྟགས་36བླངས་ནས་རྫོང་ཁོངས་ཀྱི་སློབ་གསོའི་སྤུས་ཚད་མཐོར་འདེགས་ལ་སྒུལ་ནུས་བསྩལ།

ཚོགས་འདུ་རུ་སློབ་གསོ་འཕེལ་རྒྱས་ཀྱི་ཞན་ཆ་ལ་ཁ་གཏད་ནས་རྨང་གཞིའི་སྒྲིག་བཀོད་དང་དགེ་རྒན་གི་དཔུང་ཁག་འཛུགས་སྐྱོང་། མི་གཞི་གསོ་སྐྱོང་གི་ཁོར་ཡུག་སོགས་ཀྱི་གནད་དོན་གསལ་པོར་བསྒྲགས། སློབ་གསོ་གཙོར་བཟུང་སྟེ་དགེ་རྒན་གཙིགས་སུ་བཀུར་བཞིན་དགེ་རྒན་རྣམ་པའི་ཁ་ཚ་དགོས་གཏུག་གི་དཀའ་གནད་ཐག་གཅོད་བྱ་དགོས་ལ། མ་དངུལ་འབོར་ཆེན་བཏང་ནས་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་དང་སློབ་གསོའི་རྣམ་པ་གསར་པ་བརྗེ་དགོས། དུས་མཚུངས་སུ་དགེ་རྒན་རྣམ་པའི་སློབ་ཁྲིད་མ་ཡིན་པའི་ལས་ཀ་ཇེ་ཉུང་དུ་གཏོང་དགོས་པ་སྟེ། ཕྱི་ཚུལ་རིང་ལུགས་ཀྱི་ལས་འགན་མཁོ་མེད་དག་མེད་པར་བཟོ་དགོས་ལ། ཚོགས་འདུའི་གྲོས་རིམ་སྟབས་བདེར་བཏང་ནས་དུས་ཚོད་དང་སེམས་ཤུགས་སློབ་ཁྲིད་ཀྱི་སྟེང་ལ་ཕུད་དགོས་པ་བསྟན།

ཚོགས་ཆེན་ཐོག་རྒྱ་ཆེའི་སློབ་གསོ་ལས་གཉེར་བས་མི་གཞི་གསོ་སྐྱོང་གི་དད་སེམས་བརྟན་འཁྱོངས་ཀྱིས་སློབ་གསོའི་བྱ་བཞག་ལ་འབད་པ་ལྷོད་མེད་བྱས་ནས་གངས་རིའི་ལྗོངས་ཀྱི་སློབ་གསོ་ལེགས་པོ་གཉེར་དགོས་ལ། ས་གནས་ཀྱིས་མུ་མཐུད་དུ་སྐུལ་ལྕག་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་ནས་གནས་རིམ་མཐོར་འདེགས་དང་ཆེད་ལས་ཤེས་བྱ་འཛིན་སྐྱོང་། ཟླ་ཕོགས་འགན་ལེན་བཅས་ཀྱི་ཐད་ནས་གང་ལ་གང་འཚམ་གྱིས་ལྟ་སྐྱོང་བྱས་ཏེ། དགེ་རྒན་རྣམས་ལ་བརྩོན་སེམས་བསྐྱེད་ངེས་པ་བསྟན། ཚོགས་ཞུགས་དགེ་རྒན་རྣམས་ཀྱིས་མི་གཞི་གསོ་སྐྱོང་གི་ཀུན་སློང་བརྗེད་དུ་མེད་པར་མཛོད་དགེའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱ་ངེས་ཡིན་ཞེས་བཤད།