༢༠༢༦ལོའི་ཀྲུང་གོ་དར་མདོའི་མི་ཉག་དམངས་སྲོལ་རིག་གནས་དུས་སྟོན་སྐབས་བཞི་པ་གཟབ་རྒྱས་ངང་སྤེལ་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན། ཁམས་པའི་བརྙན་འཕྲིན་ཁང་།
གསར་འགོད་པ། རྣམ་དཀར་ལྷ་མོ། ཤེས་རབ་རྣམ་རྒྱལ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༩ ཚེས་ ༨

གསེར་ལྡན་སྟོན་གྱི་རྩྭ་ཐང་སྟེང་ནས། དགའ་སྐྱིད་དགྱེས་འཛོམས་དཔལ་ལ་རོལ། ཟླ་དགུ་པའི་ཚེས་བདུན་ཉིན། མི་ཉག་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྲ་བརྟན་དུ་གཏོང་བ་བརྗོད་དོན་དུ་བཟུང་བའི་མི་ཉག་དམངས་སྲོལ་རིག་གནས་དུས་སྟོན་སྐབས་བཞི་པ་ནི་ཀ་བཞི་རིམ་པའི་མཛེས་ལྗོངས་ཁུལ་མི་ཉག་རྡོ་ར་དཀར་མོ་ནས་དངོས་སུ་མགོ་བརྩམས་ཤིང་། ཐེངས་འདིའི་བྱེད་སྒོ་ནི་ཟླ་དགུ་པའི་ཚེས་བཅུའི་བར་དུ་སྤེལ་ནས། མི་ཉག་གི་དམངས་སྲོལ་རིག་གནས་ཀྱི་མཚར་སྡུག་ཕྱོགས་ཀྱི་མགྲོན་པོའི་འདྲེན་བྱེད་མིག་གི་དགའ་སྟོན་དུ་འབུལ་རྒྱུ་རེད།

མི་ཉག་རྡོ་ར་དཀར་མོ་ནི་མི་ཉག་རིག་གནས་འཛིན་སྐྱོང་གི་ལྟེ་བའི་ས་ཁུལ་དུ་གནས་ཤིང་། མི་ཉག་དམངས་སྲོལ་རིག་གནས་དུས་སྟོན་ནི་བསྟུད་མར་སྐབས་བཞི་ལ་སྤེལ་ཞིང་། རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་གྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ་དང་། མི་རིགས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་མ་བཏང་ཞིང་། མཐོ་སྒང་མི་སེར་གྱི་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་བློའི་རྣམ་འགྱུར་ལེགས་པར་ངོམ་བཞིན་ཡོད།

མི་ཉག་རིག་གནས་ཀྱི་ལོ་རྒྱུས་དར་ཡུན་རིང་བར་མ་ཟད། དེ་ཡི་ཁྱད་ཆོས་གཙོ་བོ་ནི་མི་ཉག་ས་ཆའི་རྒྱན་གོས་དང་། སྡོད་ཁང་འཛུགས་སྐྲུན། གླུ་གར་སྒྱུ་རྩལ་སོགས་ཀྱི་ཁྲོད་དུ་མངོན་ཞིང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རེད། ཐེངས་འདིའི་དམངས་སྲོལ་འགྲེམ་སྟོན་གཟའ་འཁོར་ནང་དུ་མི་ཉག་གི་གཟུགས་མེད་རིག་གནས་རྒྱུན་འཛིན་གསར་གཏོད་དང་། མི་ཉག་རིག་གནས་འགྲེམ་སྟོན་ཏེ་ཁག་ཆེན་པོ་གཉིས་སུ་དབྱེ་ནས་སྤེལ་བཞིན་ཡོད།

ས་གནས་ཀྱི་དམངས་སྲོལ་རིག་གནས་ཁྲོད་ནས་རྟ་པའི་རུ་ཁག་གི་གཟི་ཉམས་དང་། མི་ཉག་གི་གཏམ་རྒྱུད་འདུ་ར། སྲོལ་རྒྱུན་གྱི་གླུ་གར་འཁྲབ་སྟོན་སོགས་དང་། གཞན་ཡང་རྟ་རྩལ་འགྲན་སྡུར་དང་། གེ་སར་རིག་གནས་སྒྱུ་རྩལ་འཁྲབ་སྟོན་སོགས་བརྒྱུད་ནས་རྩྭ་ཐང་གི་མི་རིགས་འདི་ཡི་དཔའ་དང་སྙིང་སྟོབས། མཚན་དང་གཟི་བརྗིད་སོགས་ལེགས་པར་མངོན་ཞིང་། འབྲོག་མོ་དག་གིས་འོ་མ་བཞོ་བའི་འགྲན་སྡུར་དང་། མི་ཉག་ན་གཞོན་ཚོའི་གླུ་གཞས་འཁྲབ་སྟོན། རྩིད་པ་བསླེས་པ་དང་རྡོ་བརྐོ་བ་སོགས་ཀྱི་ལག་ཤེས་འགྲན་སྡུར་སོགས་བརྒྱུད་ནས་མི་ཉག་ས་ཆའི་འཚོ་བའི་མཛེས་སྡུག་དང་རིག་གནས་ཀྱི་སྲོལ་རྒྱུན་བཟང་པོ་ཕྱོགས་ཡོངས་ནས་ཀུན་གྱི་སྤྱན་ལམ་དུ་བསྟར་བ་རེད།

ཐེངས་འདིའི་བྱེད་སྒོ་ནི་སྐྱེ་ཁམས་གཞི་རྟེན་དང་། རིག་གནས་བླ་སྲོག །ཐོན་ལས་གཞི་རྩར་འཛིན་པ་བཅས་ཀྱི་འདུ་ཤེས་སྲུང་འཛིན་བྱས་ཏེ། མི་ཉག་གི་གཟུགས་མེད་རིག་གནས་ཤུལ་བཞག་འཛིན་སྐྱོང་དང་། ཞིང་ལས་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་། དར་མདོའི་རིག་གནས་ཡུལ་སྐོར་སྤུས་མཐོའི་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་རྒྱུ་རེད།