མཛོད་དགེ་རྫོང་གི་སློབ་གྲྭ་ཆུང་འབྲིང་ཁག་གིས་སྟོན་དུས་ཀྱི་སློབ་འགོ་བཙུགས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༩ ཚེས་ ༢

སྟོན་རླུང་དལ་གྱིས་ལྡང་། སློབ་གྲྭ་སྔར་བཞིན་མཛེས། སྤྱི་ཟླ་8པའི་ཚེས་31ཉིན། མཛོད་དགེ་རྫོང་གི་སློབ་གྲྭ་ཆུང་འབྲིང་ཁག་གིས་2026ལོའི་སྟོན་དུས་ཀྱི་སློབ་སྐབས་གསར་པ་བསུ་བཞིན་ཡོད། དབྱར་གནང་གང་པོར་ལྷིང་འཇགས་སུ་གནས་པའི་མཐོ་སྒང་གི་སློབ་ར་རུ་གསོན་ཤུགས་རྒྱས། སློབ་མ་རྣམས་རྣམ་རིག་བཀྲ་ལ་སྐྱེ་སྟོབས་འཕེལ་བཞིན་སློབ་གྲྭ་རུ་ལོག་ནས་སློབ་སྐབས་གསར་པ་ཞིག་གི་སློབ་འགོ་བརྩམས།

སློབ་འགོ་གསར་ཚུགས་ཀྱི་ཉིན་མོ་དེར་སློབ་གྲྭ་ཁག་ཏུ་སྒྲིག་ལམ་ལྡན་ལ་འདུ་འཛི་ཆེ། ཞོགས་པ་སྔ་མོར་སློབ་གྲོགས་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་སློབ་གྲྭར་འབྱོར་བ་དང་སློབ་ར་རུ་དགའ་སྤྲོའི་དགོད་སྒྲས་ཁེངས། ལོ་རིམ་མཐོ་བའི་སློབ་མ་རྣམས་རྒྱུས་མངའ་ཆེ་བའི་སློབ་ཁང་དུ་ལོག་ནས་སློབ་སྐབས་གསར་པར་སློབ་སྦྱོང་གི་བརྩོན་སེམས་ཆེ་རུ་བསྐྱེད། ལོ་རིམ་དང་པོའི་སློབ་མ་རྣམས་ཁྱིམ་བདག་དང་འགྲོགས་ནས་མཚར་སྣང་སྐྱེས་བཞིན་སློབ་གྲྭ་རུ་འབྱོར་བ་དང་སློབ་གཉེར་གྱི་འགྲུལ་བཞུད་གསར་པར་ཆས།

ཁྱིམ་བདག་རྣམས་ཀྱིས་བྱིས་པ་རྣམས་ཀྱི་འཚོ་བའི་མཁོ་ཆས་ལེགས་སྒྲིག་བྱས་ཏེ། བྱིས་པ་རྣམས་ཀྱི་སློབ་རའི་འཚོ་བར་བདག་སྐྱོང་ཡག་པོ་བྱས། དགེ་རྒན་རྣམ་པས་ངང་རྒྱུད་རིང་མོས་སློབ་གཉེར་གྱི་བཀོད་སྒྲིག་གསལ་བཤད་བྱས་ནས་ཁྱིམ་བདག་གི་དོགས་གནད་ལ་འགྲེལ་ལན་བཏབ། བྱིས་པ་རྣམས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་བཞིན་སློབ་གྲོགས་ལ་དབྱར་གནང་གི་མཐོང་ཐོས་མྱོང་ཚོར་གླེང་། གང་སར་སློབ་འགོ་གསར་ཚུགས་ཀྱི་རྣམ་པ་མངོན་ཡོད།

སློབ་སྐབས་གསར་པ། འགོ་ཚུགས་ས་གསར་པ། རྣམ་པ་གསར་པ། མིག་སྔར་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་གི་སློབ་ཁྲིད་བཀོད་སྒྲིག་ལེགས་ལ་དགེ་སློབ་རྣམས་ཀྱི་བརྩོན་ཤུགས་ཆེས་ཆེར་འཕེལ། མཐའ་ཡས་པའི་རྩྭ་ཐང་ནས་དཔེ་ཀློག་གི་འོད་སྣང་འཕྲོ་བའི་སློབ་ར་རུ་འབྱོར་བ་སྟེ། མུ་མཐའ་མེད་པའི་མཛོད་དགེའི་ནོར་འཛིན་ཆེན་མོར་གཞོན་ནུ་ལོ་ཆུང་རྣམས་ཀྱི་ལང་ཚོའི་སྟོབས་རྒྱས། འབྱུང་འགྱུར་འབྲོག་ཁུལ་གྱི་སློབ་མ་རྣམས་ཀྱིས་གནས་མཆོག་མཛོད་དགེ་རུ་ལང་ཚོའི་གཟི་དཔལ་མངོན་བཞིན་སློབ་ལ་བརྩོན་པ་བསྐྱེད་ནས། རྩྭ་ཐང་ཆེན་མོ་འདི་རུ་འཚར་ལོངས་ཀྱི་ལམ་བུ་གསར་པར་གཏོད་རྒྱུ་རེད།