《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་མགར་ཐར་ཡུལ་གྱི་རིག་གནས་ལོ་རྒྱུས་རྒྱུན་འཛིན་འཕེལ་རྒྱས་བཞུགས་མོལ་ཚོགས་འདུ་དེ་དཀར་མཛེས་ཁ

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
ངེད་གསར་འགོད་པ། ཚུལ་ཁྲིམས་བཟང་པོ། དོན་གྲུས་ཆོས་སྒྲོན།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༨ ཚེས་ ༣༡

འབྲས་ལྡན་སྟོན་གྱི་དུས་བཟང་ཚེས་པ་ན། མགར་ཐར་ཡུལ་དུ་རིག་པའི་འབྲས་བུ་སྨིན། སྤྱི་ཟླ་8པའི་ཚེས་29ནས་30ཉིན་གྱི་བར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ལག་བསྟར་གཏིང་ཟབ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མགར་ཐར་ཡུལ་གྱི་རིག་གནས་ལོ་རྒྱུས་རྒྱུན་འཛིན་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཆེད། དཀར་མཛེས་ཁུལ་རྟའུ་རྫོང་མགར་ཐར་གྲོང་རྡལ་དུ་མགར་ཐར་ཡུལ་གྱི་རིག་གནས་ལོ་རྒྱུས་རྒྱུན་འཛིན་འཕེལ་རྒྱས་ལ་རྟོག་ཞིབ་དང་བཞུགས་མོལ་ཚོགས་འདུ་འཚོགས།

ད་ཐེངས་བཞུགས་མོལ་ཚོགས་འདུ་རུ་པེ་ཅིན་སློབ་ཆེན་དང་སི་ཁྲོན་སློབ་ཆེན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་མི་རིགས་སློབ་ཆེན་སོགས་ཞིང་ཆེན་ཕྱི་ནང་གི་སློབ་ཆེན་དང་ཚན་རིག་ཞིབ་འཇུག་སྡེ་ཁག་གི་མི་རིགས་རིག་པ་དང་བོད་རིག་པ། མི་རིགས་ཁྲིམས་ལུགས་རིག་པ་སོགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་ཆེད་མཁས་པ་བཅོ་བརྒྱད་དང་ས་གནས་རང་གི་ཆེད་མཁས་པ། དེ་མིན་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ། གསར་འགྱུར་འཕྲིན་སྦྱོར་གྱི་འཐུས་ཚབ་བཅས་མི་བརྒྱ་ལྷག་ཞུགས་ཡོད།

སྤྱི་ཟླ་8པའི་ཚེས་29ཉིན། ཚོགས་ཞུགས་མི་སྣ་ཡོངས་སྔ་རྗེས་སུ་མགར་ཐར་གྲོང་རྡལ་གྱི་ལོ་རྒྱུས་ཁང་དང་མགར་ཐར་ལྕགས་རི་རྙིང་པའི་རྗེས་ཤུལ། ཧྲན་ཞི་གྲོང་རྙིང་། མགར་ཐར་དགོན་དུ་གཅེས་ཉར་བྱས་པའི་བཀའ་གཙིགས་རྡོ་རིང་། ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་ཞལ་འབག་དང་ཐང་ག །མར་རྒྱན། ཟློས་གར་སོགས་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་ཤིང་། ཆེད་མཁས་པས་ཤུལ་བཞག་དངོས་རྫས་ལ་འགྲེལ་བཤད་བྱེད་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་ཡུལ་དངོས་ནས་རིག་གནས་རྒྱུན་འཛིན་གྱི་གོ་རིམ་ལ་གསལ་འགྲེལ་དང་ལག་ལེན་བྱས་པས། གནས་མགར་ཐར་ཡུལ་ནི་རིག་གནས་ཀྱི་རྫོང་མཐུག་ཅིང་། སྤུན་ཟླ་མི་རིགས་བར་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་ར་སྤྲོད་བྱུང་ལ། དེང་དུས་ཀྱང་མི་རིགས་མཐུན་སྒྲིལ་དང་རིག་གནས་དར་སྤེལ་བཅས་ཀྱི་མིག་དཔེ་ལྟ་བུར་གྱུར་ཡོད།

སྤྱི་ཟླ་8པའི་ཚེས་30ཉིན། ས་གནས་དང་ལས་རིགས་སོ་སོ་ནས་ཕེབས་པའི་ཆེད་མཁས་པ་རྣམ་པས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ལག་བསྟར་གཏིང་ཟབ་གཏོང་བ་དང་མགར་ཐར་ཡུལ་གྱི་མི་རིགས་མང་པོའི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ཀྱི་ལོ་རྒྱུས་བརྒྱུད་རིམ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། ལོ་རྒྱུས་ཤུལ་དངོས་སྲུང་སྐྱོང་དང་གསོན་ཤུགས་སྐྲུན་པ། མགར་ཐར་དགོན་པའི་བཀའ་གཙིགས་རྡོ་རིང་སོགས་མདོར་ན་མི་ཉག་མགར་ཐར་ཡུལ་གྱི་ལོ་རྒྱུས་རིག་གནས་ཐད་གསུང་གླེང་ལྷུག་པོ་མཛད་པས། མ་འོངས་པར་མི་རིགས་མཐུན་སྒྲིལ་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་སོགས་ཀྱི་ཐད་ལ་སྐུལ་འདེད་ཀྱི་ཕན་འབྲས་ནུས་ལྡན་ཐོན་ངེས།

རྒྱུས་ལོན་བྱུང་བ་ལྟར་ན། མགར་ཐར་ལ་མི་ཉག་རིག་གནས་ཀྱི་ལྟེ་བ་ཞེས་པའི་མཚན་སྙན་ལྡན་ཞིང་། བོད་ཀྱི་བློན་ཆེན་མགར་སྟོང་བཙན་གྱི་ཁྱིམ་རྒྱུད་ཆགས་ཡུལ་ཡིན། བོད་བཙན་པོའི་དུས་ནས་ས་གནས་འདི་རུ་སྤུན་ཟླ་མི་རིགས་བར་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་མང་པོ་མཇལ་རྒྱུ་ཡོད་ལ། རྒྱ་བོད་མི་རིགས་བར་གྱི་མཐུན་སྒྲིལ་གྱི་གསེར་ཟམ་འཛུགས་ས་དང་། རིག་གནས་དང་ཚོང་ལས་བརྗེ་རེས་དར་སྤེལ་གཏོང་ས་ཡིན། ས་གནས་འདིའི་གེ་སར་ལྷ་ཁང་དང་ས་བདག་ལྷ་ཁང་། ཁྲང་ཤིས་ཟློས་གར་ཤིང་རྐང་། འབྲུག་དང་སེང་གེ། ཟླ་མཆོད་དུས་ཆེན། ཏིང་ལུང་སོགས་རྒྱུན་འཛིན་ཉམས་གསོ་བྱས་པ་སོགས་ལས་གནས་འདི་རུ་མི་རིགས་མང་པོ་ཞི་མཐུན་མཉམ་གནས་ཀྱི་ས་གནས་བཟང་པོ་ཞིག་དང་ཚོང་ལས་འཁྲུག་ཆ་དོད་པོ་ཡོད་པ་ཤེས་ཐུབ།