ས་སྡེ་དགེ་གཡང་གི་ར་བ་ལ། གནམ་སྡེ་དགེའི་རིག་པའི་འོད་སྣང་འཆར།
དེ་རིང་གླིང་གེ་སར་རྒྱལ་པོའི་རོལ་དབྱངས་དུས་ཚིགས་སྐབས་གསུམ་པ་གཟབ་རྒྱས་ངང་མགོ་བཙུགས། ས་སྡེ་དགེ་གཡང་གི་ར་བ་ལ། གནམ་སྡེ་དགེའི་རིག་པའི་འོད་སྣང་འཆར།སྤྱི་ཟླ་8པའི་ཚེས་25ཉིན།དཀར་མཛེས་ཁུལ་སྡེ་དགེ་རྫོང་གི་ཆུ་ཤུག་གཡང་ར་ཕྱུག་མོའི་གླིང་གེ་སར་རྒྱལ་པོའི་རྟ་རྒྱུག་ཐང་ཆེན་དུ། འདོ་བ་རྟ་ཕོའི་རྨིག་སྒྲས་ས་ཆེན་ཡོངས་སུ་འདར།བཀྲ་ཤིས་ལྷ་བསང་དཀར་པོས་བར་སྣང་ཡོངས་ལ་ཁྱབ།གླིང་གེ་སར་རྒྱལ་པོའི་རོལ་དབྱངས་དུས་ཚིགས་སྐབས་གསུམ་པའི་མུ་འབྲེལ་བྱེད་སྒོ་སྟེ་“ང་དང་རྩྭ་ཐང་གི་མཇལ་འཛོམས་”ཞེས་པ་བཀྲ་ཤིས་པའི་སྒོ་ནས་མགོ་བཙུགས།

ད་ཐེངས་ཀྱི་བྱེད་སྒོ་འདིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་བརྗོད་དོན་གཙོ་བོ་དུ་བཟུང་ཞིང་། “དྭངས་གཙང་གི་དཀར་མཛེས། ཚེ་གཅིག་གི་མཇལ་འཛོམས་”ཞེས་པའི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་འཐབ་ཇུས་གཞིར་བཟུང་། ཡིད་དུ་འོང་བའི་མཛེས་ལྗོངས་ཕྱོགས་བཞིའི་སྐུ་མགྲོན་ཡོངས་ཀྱི་མིག་གི་དགའ་སྟོན་དུ་གྱུར་ལ། ཟབ་ཅིང་རྒྱ་ཆེ་བའི་རིག་གནས་དེ་མཐོ་དམན་ཀུན་གྱི་ཡིད་ཀྱི་ལོངས་སྤྱོད་དུ་སྨིན། “ང་དང་རྩྭ་ཐང་གི་མཇལ་འཛོམས་”ཞེས་པའི་བརྗོད་བྱ་ལ་དམིགས་ནས་སྡེ་དགེའི་སྣ་མང་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཀྱི་མཛེས་དཔལ་དང་། ནམ་ཡང་འཛད་པ་མེད་པའི་མི་ཆོས་ཀྱི་གཟི་ཉམས་མངོན་པར་བྱས།
སྡེ་བཞི་དགེ་བཅུས་ཕྱུག་པའི་སྡེ་དགེ་ནི་ཁམས་པའི་རིག་གནས་ཀྱི་ལྟེ་བ་དང་། ཟུར་ལུགས་གསོ་རིག་གི་འབྱུང་གནས། སྐྱེས་མཆོག་མི་ཡི་ཉི་མ། སེང་ཆེན་ནོར་བུ་དགྲ་འདུལ། གླིང་རྗེ་གེ་སར་རྒྱལ་པོའི་སྐུ་ཡི་འཁྲུངས་ཡུལ། ཀྲུང་གོའི་བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་གྱི་ཕ་ས་སོགས་ཀྱི་དཀར་ཕྱོགས་སྙན་པའི་གྲགས་པ་དགུང་གཡུ་འབྲུག་སྔོན་མོའི་སྒྲ་དབྱངས་བཞིན་འཛམ་གླིང་ཐ་གྲུ་ཀུན་ཏུ་ཁྱབ་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། མུ་འབྲེལ་བྱེད་སྒོ་འདི་ནི་སྤྱི་ཟླ་8པའི་ཚེས་22ཉིན་ནས་ཚེས་26བར་དུ་ཡིན་ཞིང་། བྱེད་སྒོའི་ནང་དུ་སྡེ་དགེ་རྫོང་གི་སྐབས་དང་པོའི་གླིང་གེ་སར་རྒྱལ་པོའི་གསེར་བུམ་རྟགས་མའི་རྟ་རྒྱུག་གི་འདེམས་རྒྱུག་དང་རྟིང་རྩོད་འགྲན་བསྡུར་རིགས་མི་འདྲ་བ་དྲུག རྩྭ་ཐང་སྟེང་གི་དགའ་འཛོམས། འབྲོག་པའི་རིག་གནས་ཀྱིས་བརྗོད་བྱ་གཙོ་བོར་བྱས་པའི་རིག་རྩལ་འཁྲབ་སྟོན། “མ་སོང་ཐབས་མེད་ཡིན་པའི་རྒྱལ་ལམ་317”་ཏེ་ལྷ་ལམ་རིང་མོའི་མཛད་ཆེན་མནའ་འབྲེལ་གྱི་མགོ་ཚུགས་མཛད་སྒོ་སོགས་རིག་རྩལ་འཁྲབ་སྟོན་དང་རིག་གནས་སྤེལ་རེས། རིག་གནས་དང་ཡུལ་སྐོར་གྱི་ཁྱབ་སྤེབ་ལས་སྒོ་སོགས་རིགས་མི་འདྲ་བ་བཅུ་ལྷག་འདུག

དེ་རིང་། ཁྱད་ཆོས་འབུམ་གྱིས་ཕྱུག་པའི་ཁྲོམ་སྐོར་རུ་ཁག་གིས་གྲལ་གྱི་མགོ་དྲངས་ཤིང་། འབྲོག་པའི་སྲོལ་རྒྱུན་གོས་རྒྱན་རུ་ཁག་དང་། གེ་སར་ཟློས་གར་ཚོགས་པ་དང་སྒྲུང་པའི་རུ་ཁག བཀྲ་ཤིས་ཁྲི་གླིང་གེ་སར་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་རུ་ཁག ཁམས་པའི་གོས་རྒྱན་རུ་ཁག་བཅས་རིམ་བཞིན་གྲལ་འགྲིག་པོའི་སྒོ་ནས་ཁྲོམ་སྐོར་བྱས་པས། སྡེ་དགེའི་རུང་འབྲོག་མང་ཚོགས་ཀྱི་ཞུམ་པ་མེད་པའི་གཟི་ཉམས་མངོན་པར་བྱས།

ཀྲུང་གུང་སྡེ་དགེ་རྫོང་ཏང་ཨུའི་ཧྲུའུ་ཅི་ཡེ་ཤེས་ཚེ་རིང་གིས་བྱེས་སྒོ་མགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་དང་བསྟུན། རྟ་མཆོག་དྲུག་བརྒྱ་ཡོད་པའི་མ་ཎི་གད་མགོ་གྲོང་བརྡལ་གྱི་རྟ་བ་རུ་ཁག་བརྗིད་ཉམས་སྟོང་དང་ལྡན་པའི་ངང་ནས་རྟ་རྒྱུག་ཐང་ཆེན་ཏུ་ཕེབས། དེ་ནས་གསེར་རྟ་དང་སྡེ་དགེའི་ཆུ་ཤུག་གི་རྟ་རྩལ་རུ་ཁག་གཉིས་ཀྱིས་རྟེན་འབྲེལ་གྱི་ཚུལ་དུ་རྟ་རྩལ་འཁྲབ་སྟོན་བྱས་པས་ལྟད་མོ་བ་ཡོངས་ཀྱི་མིག་གི་དགའ་སྟོན་དུ་གྱུར།

མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་ནི་“ཁྲ་མོ་གླིང་གི་དགྱེས་གླུ། མདོ་ཁམས་ཡོངས་ཀྱི་གཙུག་རྒྱན་”ཞེས་པ་བརྗོད་བྱ་གཙོ་བོར་བཟུང་གཞིང་། སྨན་ཤོད་བྲོ་ཆེན་དང་། རྫོགས་ཆེན་གླིང་བྲོ། འགུ་ཟི་གླིང་བྲོ་སོགས་འཁྲབ་པའི་སྡེ་དགེའི་རང་ས་རང་ཡུལ་གྱི་རིག་རྩལ་རུ་ཁག་དང་། དཀར་མཛེས། དཔལ་ཡུལ། གསེར་རྟ། སེར་ཤུལ་སོགས་ནས་ཡོང་བའི་རིག་རྩལ་རུ་ཁག་སོགས་ཀྱིས་མཉམ་དུ་ལྟད་མོ་བ་ཡོངས་ལ་ལྟད་མོ་གྱ་ནོམ་པ་ཞིག་ཡུལ་དངོས་དང་དྲ་ཐོག་གི་སྤུན་གྲོགས་ཡོངས་ཀྱི་སེམས་ཀྱི་ལོངས་སྤྱོད་དུ་ཕུལ།

གླེང་ན་སྤྲོ་བ་རབ་ཏུ་འཕེལ་བའི་དོན་གཞན་ཞིག་ནི། དེ་རིང་གི་སྒོ་འབྱེད་མཛད་སྒོ་དང་བསྟུན། ཁྲོན་བོད་གཞུང་ལམ་གྱི་འགྲམ་དུ་ཆགས་ཡོད་པའི་རྫོང་ཁག་དྲུག་གིས་མཉམ་དུ་བསྐྲུན་པའི་ལྷ་ལམ་རིང་མོའི་མཛད་ཆེན་མནའ་འབྲེལ་དངོས་སུ་བཀྲ་ཤིས་པའི་སྒོ་ནས་བཙུགས། འདི་ནི་སྡེ་དགེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་སྣེ་ཁྲིད་ནས་སྤེལ་བ་ཞིག་རེད། འདིའི་ནང་དུ་དཀར་མཛེས་ཁུལ་གྱི་སྡེ་དགེ་རྫོང་དང་། གསེར་རྟ་རྫོང་། བྲག་མགོ་རྫོང་། དཀར་མཛེས་རྫོང་། ཉག་རོང་རྫོང་། སེར་ཤུལ་རྫོང་། དཔལ་ཡུལ་རྫོང་བཅས་དང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ཞུགས་ཡོད། དམིགས་ཡུལ་གཙོ་བོ་ནི་མཉམ་འབྲེལ་གྱི་ཐོག་ནས་རྫོང་ཁག་སོ་སོ་ལ་འཕྲད་ཡོད་པའི་ཡུལ་སྐོར་དང་རིག་གནས་སྐོར་གྱི་དཀའ་གནད་དེ་རྣམས་སྒྲོལ་ནས་“སྤུས་རྟགས་མཉམ་དུ་གཏོད་པ། འགྲོ་ལམ་ཕན་ཚུན་སླེབས་པ། ཚད་གཞི་མཉམ་དུ་བསྐྲུན་པ། ཁེ་ཕན་མཉམ་དུ་རོལ་བ། སྐྱེ་ཁམས་མཉམ་དུ་སྲུང་བ་”བཅས་མཉམ་ལས་ཆེན་པོ་ལྔ་ཡི་ལམ་སྲོལ་བཙུགས་ནས། རྒྱལ་ལམ་317འགྲམ་གྱི་ས་ཁོངས་རིག་གནས་ཡུལ་སྐོར་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

སྡེ་དགེ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཞུང་ཅུན་གྱིས་གསུངས་རྒྱུར་མ་འོངས་པར་“མ་སོང་ཐབས་མེད་ཡིན་པའི་317ཏེ་ལྷ་ལམ་རིང་མོའི་མཛད་ཆེན་མནའ་འབྲེལ་མགོ་བཙུགས་པ་འདི་ལ་བརྟེན་ནས། རྒྱལ་ལམ་317འགྲམ་གྱི་རྫོང་དང་གྲོང་ཁྱེར་ཁག་བར་ཕུན་ཚུན་སླེབས་ཐུབ་པ། ཐོན་ཁུངས་མཉམ་དུ་སྤྱོད་ཆོག་པ། ལེགས་ཆ་མཉམ་དུ་ལེན་པ་བཅས་གཏིང་ཟབ་ཏུ་བཏང་ནས་ལྷ་ལམ་རིང་མོའི་སྙིང་སྟོབས་མུ་མཐུད་དུ་རྒྱུན་སྐྱོང་ཞིང་། རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་ཇེ་རྒྱས་ཇེ་སྟོབས་སུ་གཏོང་བ་དང་། ས་ཁོངས་ཡོངས་ལ་མཉམ་དར་མཉམ་འཕེལ་བྱས་ནས། རྒྱལ་ལམ་317དེ་མི་རིགས་མཐུན་སྒྲིལ་གསེར་ཟམ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ལམ་མཆོག མི་དམངས་དར་རྒྱས་གོང་འཕེལ་འགྲོ་བའི་གཡང་ལམ་དུ་འགྱུར་བ་ལ་བརྩོན་ལེན་བྱེད་རྒྱུ་ཡིན་ཞེས་གསུངས།
