ཟུང་ཆུ་རྫོང་གིས་སྐོར་བྲོ་རིག་གནས་ཀྱི་དམངས་ཕན་མཛའ་འབྲེལ་བྱེད་སྒོ་སྤེལ།

ཉེ་ཆར། ཟུང་ཆུ་རྫོང་གིས“གནའ་མཁར་ལ་ནི་བརྗིད་ཉམས་གསར་བ་རྒྱས། གླུ་དང་གར་གྱི་མཚོ་མོ་རབ་ཏུ་རྒྱས”ཞེས་པའི་སྐོར་བྲོ་མཛའ་འབྲེལ་རིག་གནས་ཀྱི་དམངས་ཕན་བྱེད་སྒོ་དེ་གནའ་མཁར་ཐང་ཆེན་དུ་སྤེལ། བྱེད་སྒོ་དེ་ནི་ཟུང་ཆུ་རྫོང་རིག་གནས་རླུང་བརྙན་འཕྲིན་ལུས་རྩལ་དང་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ཟུང་ཆུ་རྫོང་ཐང་ཆེན་ཞབས་བྲོ་མཐུན་ཚོགས་ཀྱིས་རོགས་འདེགས་བྱས་ཏེ། དམངས་སྲོལ་རང་བཞིན་གྱི་གླུ་དང་གར་གྱི་རྣམ་པ་ལ་བརྟེན་ནས་གནའ་མཁར་གྱི་བརྗིད་ཉམས་གསར་བ་དང་མི་རིགས་ཀྱི་རིག་གནས་གོམས་སྲོལ་གཅིག་སྡུད་ཐོག་ངོམ་པ་རེད།

བྱེད་སྒོ་དེ་ཟུང་ཆུ་རྫོང་གི་རིག་གནས་ཀྱི་ཉིང་བཅུད་དང་གནའ་མཁར་གྱི་བརྗིད་ཉམས་གསར་བར་རྐང་བཙུགས་ཤིང་། སྲིད་གཞུང་གིས་གར་སྟེགས་སྐྲུན་པ་དང་མང་ཚོགས་ཀྱིས་གླུ་གར་རྩེ་བ། རིག་གནས་ཡུལ་སྐོར་གྱིས་དམངས་ཕན་སྒྲུབ་པ་བཅས་རྒྱུན་བསྐྱངས་ཏེ། སྐོར་བྲོ་ཐེག་བྱེད་དུ་བཟུང་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་དངོས་མིན་རིག་གནས་ཤུལ་བཞག་གི་དམངས་སྲོལ་མི་ཉམས་རྒྱུད་འཛིན་དང་དར་སྤེལ་བྱེད་པ། གནའ་མཁར་རིམ་སྤོར་དང་བསྒྱུར་བཀོད་ཀྱི་སྣང་བརྙན་བཟང་པོ་ངོམ་པ་བཅས་ཀྱིས་ཟུང་ཆུ་རྫོང་གི་རིག་གནས་ཡུལ་སྐོར་གྱི་ཤུགས་རྐྱེན་ཇེ་ཆེར་འགྲོ་བར་རམ་འདེགས་བྱས།

མཚན་ལྗོངས་དེར་གནའ་མཁར་ཐང་ཆེན་དུ་གློག་འོད་ཆེམ་ཆེམ་བྱེད་ལ། མི་ཚོགས་རབ་ཏུ་འདུས་པ་ཚོང་འདུས་ཆེན་པོ་ཞིག་དང་ཡོངས་སུ་མཚུངས། ཁ་བཏགས་དཀར་པོ་འཐེན་པའི་མཛད་སྒོ་དང་མི་རིགས་ཀྱི་གླུ་དབྱངས་སྙན་མོ་གཏོང་བ་སོགས་འཁྲབ་སྟོན་ཕུན་སུམ་ཚོགས་པས། ཕྱོགས་ཀྱི་མགྲོན་པོ་རྣམས་རྣམ་པ་དེ་ལྟ་བུས་ཡིད་དབང་ཕྲོགས་ཏེ། ཡར་མར་འགྲོ་བསྐྱོད་ཀྱི་གོམ་ཁའང་ལྷོད་ཀྱིས་བཞག་ནས་ལྟད་མོར་གཡེང་འདུག་ལ་ཡུལ་དངོས་ཀྱི་རྣམ་པར་འཁྲུག་ཆ་དོད།

སྐོར་བྲོ་འཆམ་པའི་ལེའུ་ཚན་དུ། འཆམ་མཁན་དག་གིས་ལུས་ལ་མི་རིགས་ཀྱི་གྱོན་གོས་གཟབ་མཆོར་དང་བཅས་ཏེ་གྱོན་ཅིང་གདོང་ལ་བཅོས་མིན་གྱི་འཛུམ་མདངས་མེ་ཏོག་བཞིན་ལྷུག་པོར་གྲོལ། བྲོ་ཡི་སྟངས་སྟབས་རེ་རེ་དང་དབྱངས་ཀྱི་འགྱུར་ཁུག་རེ་རེ་ཡིས་མི་སེམས་ཀྱི་ངལ་བ་རབ་ཏུ་གསོ་ཞིང་སྲོལ་རྒྱུན་གྱི་དབྱངས་སྙན་མོ་དང་གནའ་མཁར་གྱི་བརྗིད་ཉམས་གསར་བ་གཉིས་གཞི་གཅིག་ཏུ་འདྲེས་ཏེ། མི་རྣམས་ལ་སེམས་ཀྱི་ལྟད་མོ་ངོ་མཚར་བ་བཤམ། འཁྲབ་སྟོན་རུ་ཁག་སུ་ཞིག་ཡིན་ཡང་རུང་སྟེ། གདོང་གི་འཛུམ་མདངས་ཡགས་ལ་གར་གྱི་སྟངས་སྟབས་ལ་བྱང་ཆ་ལྡན་པས། ཟུང་ཆུ་རྫོང་གི་མང་ཚོགས་རྣམས་ཀྱི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་དང་བདེ་སྐྱིད་ཀྱི་འཚོ་བ་བཟང་པོར་རྣམ་པར་རོལ་བའི་ངང་ཚུལ་མངོན་པར་མཚོན་འདུག་ལ། ཕྱོགས་དང་ཕྱོགས་ནས་ལྷགས་པའི་ཡུལ་སྐོར་པ་དག་དམངས་སྲོལ་རིག་གནས་ཀྱི་མཛེས་སྡུག་ལ་ཉེ་བར་བཅར་ནས་དེ་ཉིད་ཉམས་སུ་མྱོང་བའི་གོ་སྐབས་བཟང་པོ་བསྐྲུན།

འཁྲབ་སྟོན་མཇུག་རྫོགས་ལ་ཉེ་བ་ན། འཁྲབ་སྟོན་པ་ཡོངས་དང་གྲོང་དམངས་ཡུལ་སྐོར་པ་དག་མཉམ་གཅིག་ཏུ་འཛོམས་ནས《ང་ཡིས་བསྟོད་པའི་གླུ་ལེན་མེས་རྒྱལ་ལ་འབུལ》ཞེས་པ་ཕན་ཚུན་ལག་རྡང་སྦྲེལ་བཞིན་འཁྲབ་པ་རེད། གར་གྱི་སྟངས་སྟབས་དང་དབྱངས་ཀྱི་འགྲོས་ཉམས་གཞི་གཅིག་ཏུ་འདྲེས་ཏེ། མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་རིག་གནས་མཉམ་འདྲེས་ཀྱི་མཛའ་མཐུན་རྣམ་པ་གསོན་ཉམས་དོད།

ད་ཐེངས་ཀྱི་བྱེད་སྒོ་ཡིས་གནའ་མཁར་གྱི་སྤུས་ཀ་རིམ་སྤར་དང་བརྗིད་ཉམས་གསར་བའི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་དུ་བཅུག་པར་མ་ཟད། དེ་ནི་རིག་གནས་དམངས་ཕན་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ལག་ལེན་གསོན་ཤུགས་ལྡན་པ་ཞིག་རེད། ཟུང་ཆུ་རྫོང་རིག་གནས་རླུང་བརྙན་འཕྲིན་ལུས་རྩལ་དང་ཡུལ་སྐོར་ཅུས་ཀྱིས་བརྗོད་དོན། མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་ཏེ། རང་སའི་རིག་གནས་ཀྱི་ཐོན་ཁུངས་ལ་གསོན་ཤུགས་གསར་བ་རྒྱས་སུ་བཅུག་ནས་མུ་མཐུད་དུ་ཟུང་ཆུ་རྫོང་གི་རིག་གནས་ཡུལ་སྐོར་གྱི་མིང་བྱང་ཇེ་གྲགས་སུ་གཏོང་དགོས་ཟེར་ཏོ། །

