མཛོད་དགེ་ཡིས་མཐར་ཕྱིན་སློབ་མར་ལས་ཞུགས་མཛུབ་ཁྲིད་དང་ཡུལ་དངོས་ལས་བསྡུའི་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༨ ཚེས་ ༡༠

ཉེ་ཆར། མཛོད་དགེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། རྫོང་ལས་ཞུགས་ཞབས་ཞུ་ལྟེ་གནས། རྫོང་ཞིང་ལས་ཞབས་ཞུ་ལྟེ་གནས་བཅས་ཀྱིས་2026ལོར་མཐར་ཕྱིན་པ་དང་ལས་ཞུགས་བྱས་མེད་པའི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་མར་ལས་ཞུགས་མཛུབ་ཁྲིད་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས་པ་དང་། ལོ་ངོ་20ལྷག་གི་འཐབ་ཕྱོགས་དང་པོའི་ལས་ཞུགས་འཆར་འགོད་ཀྱི་ཉམས་མྱོང་ལྡན་པའི་ཆེད་མཁས་པ་གདན་དྲངས་ནས་འཆད་ཁྲིད་གནང་བ་དང་། ཕྱི་དྲོ་ཆེད་དོན་ལས་བསྡུའི་བྱེད་སྒོ་སྤེལ་ནས་གཞོན་ནུ་ལོ་ཆུང་རྣམས་ལ་ལས་ཞུགས་ལས་འདེམས་ཐད་ཀྱི་དཀའ་གནད་སྣ་ཚོགས་ཐག་གཅོད་བྱས།

བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་རིམ་བཞིན་སྲིད་ཇུས་སྒྲོག་འགྲེལ་དང་། ལས་ཞུགས་དུས་བབ་དབྱེ་ཞིབ། ལས་འདེམས་འདུ་ཤེས་ཁྲིད་སྟོན། ལས་ཀ་འཚོལ་བའི་དངོས་སྦྱོང་སློབ་ཁྲིད་བྱས་ཏེ། དཔྱིད་རླུང་བྱ་འགུལ་དང་སློབ་ཡོན་མི་དགོས་པའི་རྩལ་ནུས་གསོ་སྦྱོང་། ལས་ཞུགས་ལྟ་སྦྱོང་། ལས་གཏོད་ཁ་གསབ། སྐྱེད་གསབ་དངུལ་བུན་སོགས་ལས་ཞུགས་རོགས་སྐྱོར་སྲིད་ཇུས་འགྲེལ་བཤད་བྱས། ཁུལ་དང་རྫོང་གི་མཐར་ཕྱིན་སློབ་མ་དང་ལས་བསྡུའི་གྲངས་གཞི་ལ་གཞིགས་ནས་མིག་སྔའི་དུས་སྐབས་ཀྱི་ལས་ཞུགས་གནས་བབ་ལ་དབྱེ་ཞིབ་བྱས། མཐའ་ཕྱིན་སློབ་མ་ཁག་གིས་གཞུང་གི་ལས་ཁུངས་ལ་ཞུགས་པའི་འདུན་པ་ཆེ་ལ་ལས་ཞུགས་ཀྱི་ཚད་གཞི་མཐོ་དྲག་པ། ལག་ལེན་གྱི་ཉམས་མྱོང་མེད་པའི་གནད་དོན་ལ་དམིགས་ནས། “སྔོན་ལ་ལས་ཞུགས་དང་དེ་རྗེས་ལས་འདེམས”ཀྱི་ལས་ཞུགས་བསམ་ཕྱོགས་དར་སྤེལ་བཏང་ནས། ཚང་མས་གཞི་རིམ་དང་ཁེ་ལས། རིག་ལྗོངས་ལས་གཏོད་སོགས་སྣ་མང་ལས་ཞུགས་གོ་སྐབས་དམ་འཛིན་བྱེད་པར་སྐུལ་མ་བཏང་། ཆེད་མཁས་པས་རང་ཉིད་ངོ་སྤྲོད་ཡི་གེ་འབྲི་སྟངས་དང་ངོ་རྒྱུགས་ཀྱི་གུས་ལུགས་ལ་དམིགས་ནས་དངོས་སྦྱོང་སློབ་ཁྲིད་བྱས། སློབ་མ་རྣམས་ལ་ཚད་མཐུན་སྒྲོམ་གཞི་ལྟར་ནང་དོན་ལེགས་པོ་བྲིས་ནས་རང་ཉིད་ངོ་སྤྲོད་ཡི་གེ་འཐུས་ཚང་དུ་བཏང་བ་དང་། ཚོ་ཆུང་ལྟར་རང་ཉིད་ངོ་སྤྲོད་འཁྲབ་སྦྱོང་བྱས། གུས་ལུགས་དང་འབྲེལ་འདྲིས་བྱེད་སྟངས་ཐད་ཀྱི་གནད་དོན་སྣ་མང་བཅོས་སྒྲིག་བྱས། སློབ་མ་རྣམས་ལ་ངོ་སྤྲོད་ཡི་གེ་ལེགས་པོ་འབྲི་བ་དང་ཡུལ་དངོས་ཀྱི་སྣང་བརྙན་ལེགས་པོ་འཇོག་པ་སོགས་ལས་ཀ་འཚོལ་བའི་བརྩོན་ནུས་ཆེ་རུ་བཏང་།

གསོ་སྦྱོང་མཇུག་སྒྲིལ་རྗེས། སྦྱོང་བརྡར་ནང་ཞུགས་མཁན་སློབ་མ་བྱང་སྐྱོད་ཐང་ཆེན་དུ་སྤེལ་བའི་ལས་བསྡུའི་བྱེད་སྒོར་ཞུགས་པ་དང་། རྒྱུས་ལོན་པ་ལྟར་ན། ལས་བསྡུའི་བྱེད་སྒོ་དེར་ཁེ་ལས་20དང་ལས་གནས་199ཡོད། སློབ་མ་རྣམས་ཀྱིས་ངོ་ཐུག་གདོང་འཕྲད་ཀྱིས་འབྲེལ་འདྲིས་བྱས་ཏེ་ངོ་སྤྲོད་ཡི་གེ་སྤྲད། གཞུང་ལུགས་སློབ་སྦྱོང་དང་ལས་གནས་འབྲེལ་མཐུད་མངོན་འགྱུར་བྱུང་། ཁོ་ཚོས་གསོ་སྦྱོང་དེར་སྤྱོད་སྒོ་ཆེ་ལ་ལས་འཚོལ་གྱི་རིག་ལམ་ཇེ་གསལ་དང་། ལས་ཞུགས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ཅེས་བཤད། ཆེད་ལས་རྩལ་ནུས་ཀྱི་འཛིན་ཡིག་ཡོད་པའི་སློབ་མ་ཁག་གཅིག་གིས་ལས་བསྡུའི་བྱེད་སྒོ་དེ་ལ་བརྟེན་ནས་རང་ས་རང་ཡུལ་ནས་ཆེད་ལས་དང་འཚམ་པའི་ལས་གནས་སུ་ཞུགས་པའི་འཆར་གཞི་ཡོད།

གསོ་སྦྱོང་དེས་མཐར་ཕྱིན་སློབ་མའི་སྲོལ་རྒྱུན་གྱི་ལས་འདེབས་བསམ་བློར་འགྱུར་ལྡོག་བཏང་ནས། རང་ཉིད་ངོ་སྤྲོད་ཡི་གེ་ལེགས་པོ་འབྲི་བ་དང་ངོ་རྒྱུགས་ཀྱི་ཞན་ཆ་ཁ་གས་བྱས། ཚང་མར་དམངས་ཕན་ལས་ཞུགས་ཀྱི་སྲིད་ཇུས་ལ་གསལ་ཆ་ཡོད་པའི་སྒོས་ནས་ལས་ཞུགས་ཀྱི་ལམ་ཁ་གསལ་པོར་སྟོན། རྗེས་ཕྱོགས་སུ། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་རྫོང་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་མུ་མཐུད་དུ་ལས་ཞུགས་རོགས་སྐྱོར་ཞབས་ཞུ་རབ་དང་རིམ་པ་བསྒྲུབ་བཞིན་སྲིད་ཇུས་སྒྲོག་འགྲེལ་དང་རྩལ་ནུས་གསོ་སྦྱོང་། ལས་བསྡུའི་བྱེད་སྒོ་གང་མང་སྤེལ་ནས་གཞོན་ནུ་ལོ་ཆུང་གི་ལས་ཞུགས་ལམ་བུ་ཡངས་མོར་གཏོང་རྒྱུ་རེད།