ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོག་རྒྱུའི་གཏན་འཁེལ་བྱས་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། ཟླ་བ་ཚེ་རིང་། བསྟན་འཛིན་འཇམ་དཔལ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༧ ཚེས་ ༣༡

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ནས། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་རྒྱུའི་གཏན་འཁེལ་བྱས་པ་དང་། མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་7ཚེས་30ཉིན་གྲོས་ཚོགས་འཚོགས་ནས། ད་ལོའི་ཟླ་བ་10པར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་རྒྱུའི་གཏན་འཁེལ་བྱས་པ་དང་། གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་སེང་ཞུ་རྒྱུ་དང་། རྒྱུན་སྲིང་ལྷོད་མེད་ངང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་ལ་ཞིབ་འཇུག་བྱ་རྒྱུ་དེ་ཡིན་པ་རེད། གྲོས་ཚོགས་ཐོག་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།

གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁྱོན་ཡོངས་ནས་ཏང་ནས་པོས་སྐྱོང་བའི་ལས་དོན་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བཏོད་ཡོད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་བ། ཏང་དང་མི་དམངས་ལ་ཏང་སྟོབས་ཆེར་གཏོང་བ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་ཐོབ་ཡོད་པ། དེ་དང་ཆབས་ཅིག འཛམ་གླིང་གི་གནས་ཚུལ་དང་རྒྱལ་སྤྱིའི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་འགྱུར་ལྡོག་གཏིང་ཟབ་ཕྱིན་པ་དང་བསྟུན། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ལ་ཡང་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མང་པོ་འཕྲད་ཡོད། ཏང་ཡོངས་ཀྱིས་ངེས་པར་དུ་ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་རྒྱུ་དང་། ཏང་གི་འོས་འགན་འགན་འཁྲི་ལེགས་པར་སྒྲུབ་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས། རྒྱུན་སྲིང་ལྷོད་མེད་ངང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཐོག ཡིད་ཆེས་བརྟན་པོ་དང་ངེས་ཤུགས་རྒྱུན་འཁྱོངས་ཀྱིས། ཚད་གཞི་དེ་བས་མཐོ་བ་དང་དེ་བས་གོ་ཆོད་ཀྱི་བྱ་ཐབས་ཐོག་ནས་དུས་རབས་གསར་པར་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་ཆེའི་ཉམས་མྱོང་རྒྱུན་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས། ཏང་འཛུགས་སྐྱོང་ཐད་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ཡག་པོ་དང་ཐག་གཅོད་ཡག་པོ་བྱེད་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱས་པ་ལས་ཆགས་པའི་ཆབ་སྲིད་ཀྱི་གནས་བབ་ཡག་པོ་སྲ་བརྟན་དང་གོང་འཕེལ་ཡག་པོ་གཏོང་དགོས་ཞེས་བསྟན་འདུག

གྲོས་ཚོགས་ཐོག རྒྱུན་སྲིང་ལྷོད་མེད་ངང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བར་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། ཏང་གི་སྒྲིག་ཡིག་རྩ་བར་འཛིན་ནས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་གི་ཡུན་རིང་སྲིད་སྐྱོང་གི་ནུས་པ་ཆེ་རུ་གཏོང་རྒྱུ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བཅས་བྱ་རྒྱུར་དམིགས་ནས། ནན་པའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་གྱུར་སྣེ་ཁྲིད་བྱས་ནས། ཏང་གི་ཕྱོགས་ཁག་གི་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པ། ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་བཅས་ཟམ་མི་ཆད་པར་མངོན་འགྱུར་ཡོང་བ་བྱས་ནས། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱིས་ལྷག་བསམ་རྣམ་དག་ངང་རྒྱབ་སྐྱོར་བྱེད་པ། ཚོད་བགམ་སྣ་ཚོགས་ཀྱི་ཉམས་སད་ཐེག་པ། སྐྱེ་སྟོབས་རབ་ཏུ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ལ་འགྱུར་བར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་ལ་འགྱུར་བར་འགན་སྲུང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

གྲོས་ཚོགས་ཐོག ད་ལོ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཔའ་ངར་ཆེན་པོས་འབད་འབུངས་ཡར་བརྩོན་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་དང་། གོང་འཕེལ་དང་བདེ་འཇགས་གཉིས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཕྱི་ཕྱོགས་ཀྱི་འགྲན་རྩོད་དང་ནང་ཁུལ་གྱི་དཀའ་ངལ་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་བཅག་སྟེ། རང་རྒྱལ་གྱི་དཔལ་འབྱོར་ལས་སྒུལ་ནུས་གསར་སྒྱུར་དང་གྲུབ་གཞི་ལེགས་སྒྱུར་གྱི་འཕེལ་ཕྱོགས་མངོན་ཡོད། དེ་དང་ཆབས་ཅིག དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་དཀའ་ངལ་དང་འགྲན་རྩོད་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཡིད་ཆེས་བརྟན་དུ་གཏོང་བ། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། གོ་སྐབས་དང་བཟང་ཆ་སྣ་ཚོགས་བེད་སྤྱོད་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས། སྤུས་མཐོའི་གོང་འཕེལ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་ཡོད།

གྲོས་ཚོགས་ཐོག ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། གོང་འཕེལ་གྱི་གནས་སྟངས་གསར་པ་མགྱོགས་མྱུར་གཏོད་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ཡག་པོ་བྱེད་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་ལྷུག་གཏོང་འོས་འཚམ་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ། གསོག་འབོར་སྲིད་ཇུས་ཁག་གི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ། དངོས་སྒྲུབ་དང་གོ་ཆོད་པའི་འཕར་ཚད་སྲིད་ཇུས་དུས་ཐོག་ཏུ་ཇུས་འགོད་འདོན་སྤེལ་བྱེད་པ། དུས་འཁོར་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་ཤུགས་ཆེ་རུ་གཏོང་བ་དང་མཁོ་སྤྲོད་ལེགས་སུ་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ། གོང་འཕེལ་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་པ། དཔལ་འབྱོར་རྒྱུན་མཐུད་ངང་གསར་པ་དང་ལེགས་པོ་བཟང་པོ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་གང་ཐུབ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

གྲོས་ཚོགས་ཐོག སྤྱི་ཁོག་སྲིད་ཇུས་ཀྱིས་ཤུགས་འདོན་ནུས་འདོན་བྱས་ཏེ། ནོར་སྲིད་གཏོང་སྒོ་དང་བུན་འཛིན་མ་དངུལ་བེད་སྤྱོད་མྱུར་ཚད་མགྱོགས་སུ་གཏོང་བ། “གལ་ཆེ་གཉིས”འཛུགས་སྐྲུན་དང“གསར་སྒྱུར་གཉིས”ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གཞི་རིམ་གྱི་“འགན་ལེན་གསུམ”གྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་དགོས། དངུལ་ལོར་སྲིད་ཇུས་ཀྱི་ལག་ཆ་ཕྱོགས་བསྡུས་བེད་སྤྱོད་དང་དུས་ཐོག་ཏུ་ལེགས་སྒྲིག་བྱས་ནས། ནོར་སྲིད་དང་དངུལ་རྩ་མཐུན་སྦྱོར་གྱིས་ནང་མཁོར་སྐུལ་འདེད་གཏོང་བའི་སྲིད་ཇུས་ལེགས་སྒྱུར་ལག་བསྟར་བྱེད་དགོས་ཞེས་བཏོན་ཡོད།

གྲོས་ཚོགས་ཐོག རྒྱལ་ནང་གི་དགོས་མཁོ་ནུས་ལྡན་ངང་ཆེ་རུ་གཏོང་བ་དང་། ཚོགས་སྤྱི་མི་འདྲ་བའི་འཛད་སྤྱོད་དགོས་མཁོ་དང་འཚམ་པའི་སྤུས་ལེགས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ། ཞབས་ཞུའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་དགོས། “དྲ་བ་དྲུག”གི་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་ལ་ཡུན་རིང་བརྟན་པོའི་ངང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། “མི་ཐབས་རིག་ནུས་+”བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། རིག་ནུས་དཔལ་འབྱོར་གྱི་ལས་རྣམ་གསར་པ་གོང་འཕེལ་གཏོང་བ། མི་ཐབས་རིག་ནུས་ཀྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། མདུན་གྲལ་ལག་རྩལ་ཚད་བརྒལ་དང་འབྱུང་འགྱུར་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་གསར་དར་སྲོག་ཤིང་ཐོན་ལས་གཏོད་པ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།

གྲོས་ཚོགས་ཐོག འདྲ་མཉམ་དང་གོ་རིམ་ལྡན་པའི་ཁྲོམ་རའི་འགྲན་རྩོད་བར་མཐོངས་གཏོད་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་འཛུགས་སྐྱོང་གི་སྲོལ་ཡིག་གཏན་འབེབས་དང་ལག་ལེན་བསྟར་བ། “ནང་སྒྲིལ་ཅན”གྱི་འགྲན་རྩོད་ལ་མུ་མཐུད་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཁེ་ལས་ཀྱི་རྩིས་ཐོ་དང་གྲོན་དངུལ་ཆད་འགྱངས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་བའི་ཁོར་ཡུག་ལེགས་སུ་བཏང་ནས། སྟེགས་བུའི་དཔལ་འབྱོར་ཚད་ལྡན་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།

གྲོས་ཚོགས་ཐོག རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གཉིས་ཕན་མཉམ་ལས་ཀྱི་བར་མཐོངས་རྒྱ་སྐྱེད་གཏོང་བ་དང་། ཞབས་ཞུའི་ཉོ་ཚོང་གོང་འཕེལ་ཤུགས་ཆེར་བཏང་ནས། ཉོ་ཚོང་དོ་སྙོམས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་མ་འཇོག་དོ་དམ་ལམ་ལུགས་དང་ཕྱི་རྒྱལ་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ཕྱི་རྒྱལ་གྱི་མ་དངུལ་ཡིད་འགུག་དང་བེད་སྤྱོད་ཧུར་ཐག་གཏོང་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་ཞིང་གསུམ་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་གཏོང་བ། ཚད་གཞི་མཐོ་བའི་རྨོ་ཞིང་འཛུགས་སྐྱོང་དང་། གཉེར་སྐྱོང་། དོ་དམ་བདག་སྐྱོང་བཅས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གསོན་ཕག་སོགས་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང་རིན་གོང་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཞིང་པའི་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་མཁོ་སྤྲོད་ལ་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་བསྒྲུབ་པ་དང་། ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་བྱས་ཏེ། སྟོན་འབྲུ་དང་ལོ་ཧྲིལ་པོའི་འབྲུ་རིགས་ལ་ལོ་ལེགས་ཡོང་རྒྱུ་བརྩོན་ལེན་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

གྲོས་ཚོགས་ཐོག བྱ་ཐབས་མང་པོ་མཉམ་དུ་བཟུང་ནས་དམངས་འཚོ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྟབས་བསྟུན་ལས་ཞུགས་མི་སྣ་དང་ལས་ཞུགས་རྣམ་པ་གསར་པའི་མི་སྣའི་ཁེ་དབང་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། རྒན་བྱིས་གཉིས་ཀྱི་ཞབས་ཞུའི་འགན་ལེན་དམ་འཛིན་བྱས་ཏེ། རིམ་དབྱི་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་སྟེ། བྱང་གསུམ་ལས་གྲྭའི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་པ་དང་། ཐཱན་རྩེ་གྲངས་དང་ཐཱན་བཏང་སྙོམས་མངོན་འགྱུར་ཡོང་བར་སྐུལ་འདེད་ཧུར་ཐག་དང་བརྟན་པོ་གཏོང་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག བདེ་འཇགས་ཀྱི་སྲུང་ར་ཏན་ཏིག་ངང་སྲ་བརྟན་དུ་གཏོང་དགོས། ས་ཁང་བདག་ཁོངས་ཁྲོམ་ར་བརྟན་ལྷིང་ཡོང་བ་བྱེད་པ་དང་། བུན་སེལ་ཇུས་གཞི་རབ་དང་རིམ་པ་ལག་བསྟར་ཡག་པོ་བྱེད་པ། ས་གནས་ཀྱི་དངུལ་རྩའི་ལས་ཁུངས་འབྲིང་ཆུང་གིས་བསྒྱུར་བཅོས་ལ་བརྟེན་ནས་ཉེན་ཁ་སེལ་བ་དང་། གྲངས་ཚད་ཉུང་གཏོང་ལ་བརྟེན་ནས་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། མ་རྩའི་ཁྲོམ་རའི་མ་དངུལ་འཇོག་པ་དང་མ་དངུལ་བསྡུ་སྒྲིལ་གྱི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། མ་རྩའི་ཁྲོམ་རའི་མཉེན་ཤུགས་དང་སེམས་ཤུགས་ཆེ་རུ་གཏོང་དགོས། མ་རྩའི་ཁྲོམ་རའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཉེན་ཁ་ཆེ་བའི་ཆུ་མཛོད་དང་། གཙང་པོ་དང་ཆུ་རགས། ཤྭ་འོད་དང་ས་གཤིས་གནོད་འཚེ་ཐོན་སླ་བའི་ཁུལ། གྲོང་ཁྱེར་གྱི་གཤོང་ས་དང་ཞོད་སྐྱོན་ཕོག་སླ་བའི་ས་ཁུལ་སོགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲུབ་འགོག་དང་འཕྲལ་སྒྲུབ་ཉེན་སེལ་གནོད་སེལ་གྱི་ལས་དོན་ཁག་ཏན་ཏིག་བསྒྲུབས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

གྲོས་ཚོགས་ཐོག ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྔར་བས་སྙིང་སྟོབས་ཆེར་སྐྱེད་ཀྱི་སྒོ་ནས་སྤུས་མཐོའི་གོང་འཕེལ་གྱི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།