གླིང་ག་གཏོང་དུས་གློ་བུར་དུ་ཆུ་ལོག་ཐོན་ན་ཉེན་གཡོལ་ཇི་ལྟར་བྱེད།

མིག་སྔར་དབྱར་ཁའི་གུང་གསེང་དང་ཡུལ་སྐོར་ལ་འགྲོ་མང་བའི་དུས་ཡིན་པས། ཕྱི་རོལ་དུ་སྒར་བརྒྱབ་ནས་གླིང་ཁ་གཏོང་རྒྱུ་དེ་མི་མང་པོ་ཞིག་གི་གདམ་ག་ཞིག་ཏུ་གྱུར་ཡོད། འོ་ན། ཕྱི་རོལ་དུ་སྒར་བརྒྱབ་ན་ཉེན་ཁ་ཅི་ཞིག་ཡོད་དམ། སྣང་ཚུལ་གང་དག་ནི་རི་ཁུལ་གྱི་ཉེན་ཁའི་བརྡ་རྟགས་ཡིན་སྲིད་དམ།
ནམ་རྒྱུན་ང་ཚོས་སྒར་བརྒྱབ་ནས་སྡོད་སྐབས་གཤམ་གསལ་གྱི་བདེ་འཇགས་ཕྱོགས་སྟོན་དག་ལ་རྒྱུས་མངའ་གནང་རྒྱུ་དེ་གལ་ཆེན་པོ་ཞིག་རེད།
ཕྱི་རོལ་དུ་སྒར་བརྒྱབ་ནས་སྡོད་པར་ཉེན་ཁ་ཅི་ཞིག་ཡོད་དམ།
འབྲུབ་ཆུ་རྒྱས་པའི་དུས་སུ་ཆར་ཆུ་འབེལ་བས། ཆུ་ཕྲན་དག་གློ་བུར་དུ་ཆུ་ཆེན་པོར་འགྱུར་མགྱོགས་པོ་ཡོད། ཕྱི་རོལ་གྱི་ཁོར་ཡུག་རྙོག་འཛིང་ཆེ་བས། གླིང་ག་གཏོང་མཁན་གྱིས་ཆུ་འགྲམ་དུ་རྩེད་མོ་རྩེ་སྐབས་ཆུའི་སྟོད་རྒྱུད་ནས་ཆུ་ལོག་ཐོན་པ་རྟག་ཏུ་མཐོང་མི་ཐུབ་ཅིང་ཐོས་ཀྱང་མི་ཐུབ་པས། ཆུ་ཆེ་རུ་ཕྱིན་ཚེ་ཉེན་ཁའི་གནས་སུ་ལྷུང་སླ་པོ་ཡོད།
རི་ཁུལ་དུ་བརྡ་རྟགས་གསལ་པོ་མེད་པས། གལ་སྲིད་ལག་ཐོགས་ཁ་པར་ཐོག་གནོད་འཚེའི་ཉེན་བརྡ་དུས་ཐོག་ཏུ་འབྱོར་མ་ཐུབ་ཚེ། དུས་ཐོག་ཏུ་ཉེན་གཡོལ་བྱེད་ཁག་པོ་ཡོད། དེར་བརྟེན། གལ་སྲིད་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཐོན་ཚེ། རོགས་སྐྱོབ་ཀྱི་དཀའ་ཚད་ཅུང་ཆེན་པོ་ཡོད།
ཆུ་རྟིང་བྲག་རྡོ་ནི་འདྲེད་བརྡར་ཤོར་སླ་བས། འདྲེད་འགྱེལ་གྱི་དོན་རྐྱེན་ཡང་སེ་ཐོན་གྱི་ཡོད།
ཆུ་ལོག་རྒྱུག་སྐབས་ཆུའི་རྡེག་ཤུགས་ཆེ་བས། ཆུ་ནང་དུ་འཁྱེར་ཡོང་བའི་བྱེ་འདམ་དང་ཤིང་གི་ཡལ་ག རྡོ་སོགས་ཀྱིས་ཀྱང་སྲོག་ཉེན་ལས་ཐར་ཐབས་བྱེད་པར་ཤུགས་རྐྱེན་ཐེབས་སྲིད།
གཤམ་གསལ་གྱི་ཉེན་ཁའི་བརྡ་རྟགས་དག་ལ་ཡིད་གཟབ་བྱེད་དགོས།
དྲག་ཆར་འབབ་ཚེ་ཆུ་ལོག་དང་རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེ་ཐོན་སླ་བས། ཆུ་འགྲམ་དང་གཏིང་ཐུང་ཆུ་བོ་སོགས་“བསིལ་ས་”དེ་ཚོ་“གློ་བུར་དུ་ཆུ་ལོག་རྒྱུག་ཁུལ་”དུ་འགྱུར་བཟོ་ཡོད། དེར་བརྟེན་གཤམ་གསལ་གྱི་ཉེན་ཁའི་བརྡ་རྟགས་ལ་དོ་སྣང་བྱས་ཏེ། རྒྱུན་ལྡན་མིན་པའི་གནས་ཚུལ་ཐོན་ཚེ་དུས་ཐོག་ཏུ་ཕྱིར་འཐེན་བྱ་དགོས།
རི་ཕུག་གམ་ཡང་ན་ལུང་ཤུར་ནས་མེ་འཁོར་གྱི་ལྡིར་སྒྲ་དང་འདྲ་བའི་སྒྲ་གྲགས་པའམ་ཡང་ན་དལ་ལྡིར་འབྲུག་སྒྲ་གྲགས་པ།
ཆུ་ཕྲན་གྱི་ཆུ་ཁ་གློ་བུར་དུ་ཆག་པ་དང་ཆུ་ཆད་པ། དེ་ནི་སྟོད་རྒྱུད་དུ་དྲག་ཆར་བབས་པས་རི་དང་སྤང་སོགས་གས་རྡིབ་ཤོར་ནས་ཆུ་ལམ་བཀག་པ་ཡིན་སྲིད། དེའི་སྐབས་སུ་དུས་ངེས་མེད་ལ་འདམ་རྡོའི་ཆུ་རུད་ཐོན་སྲིད།
ཆུ་རྒྱུན་གློ་བུར་དུ་རྙོག་པོ་ཆགས་པ་དང་། བཞུར་ཚད་གློ་བུར་དུ་ཇེ་ཆེར་འགྲོ་བ་མ་ཟད། ཆུའི་ནང་དུ་ཤིང་དང་རྩྭ་སོགས་མང་པོ་འཁྱེར་ཡོང་བ།
རི་ལྡེབས་ཀྱི་དབྱིབས་འགྱུར་བ་དང་ས་ངོས་འབུར་བ། གས་སྲུབས་བྱུང་བ་མ་ཟད། ཐ་ན་རི་ལྡེབས་ཀྱི་དངོས་གཟུགས་གསེག་པ་སོགས་ཀྱི་གནས་ཚུལ་ཐོན་པ།
སྲོག་ཆགས་དང་རྩི་ཤིང་ལ་རྒྱུན་ལྡན་མིན་པའི་འགྱུར་བ་བྱུང་བ་སྟེ། དཔེར་ན་ཕག་པ་དང་། ཁྱི། ནོར། ལུག བྱ་དེ་སོགས་ལ་འཇིགས་དངངས་བྱུང་བ་དང་གཉིད་མི་ཁུག་པ། རྩི་ཤིང་གི་རྣམ་པར་འགྱུར་ལྡོག་བྱུང་བ་སྟེ། དཔེར་ན་ཤིང་སྡོང་སྐམ་པའམ་འཁྱོག་པ་སོགས་ཡིན།
སྲོག་ཉེན་ལས་ཇི་ལྟར་ཐར་ཐབས་བྱ་དགོས་སམ།
ཆུ་ལོག་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་གནས་ཚུལ་འཕྲད་ཚེ། འཕྲལ་དུ་ལུང་ཤུར་གཞོགས་གཉིས་ཀྱི་བདེ་འཇགས་ཁུལ་དུ་བྲོས་དགོས་པ་ལས། ལུང་ཤུར་དེད་ནས་སྨད་རྒྱུད་དམ་སྟོད་རྒྱུད་དུ་རྒྱུག་མི་རུང་། དེ་དང་ཆབས་ཅིག་འཁར་རྔ་རྡུང་བ་དང་སྐད་རྒྱག་པ། ཁ་པར་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་མི་གཞན་ལ་ཉེན་གཡོལ་གྱི་བརྡ་གཏོང་དགོས། གང་མགྱོགས་རོགས་སྐྱོབ་སྡེ་ཚན་ལ་འབྲེལ་བ་བྱས་ནས་གནས་ཡུལ་དང་ཉེན་ཁའི་གནས་ཚུལ་ཡང་དག་སྙན་སེང་ཞུ་བའམ། ཡང་ན། མེ་འོད་དང་དུ་ནག་གཏོང་བ། ཅ་དངོས་རྡུང་བ། དར་བརྡའམ་འབོད་བརྡ་གཏོང་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་རོགས་སྐྱོབ་ཐོབ་ཐབས་བྱ་དགོས།
ཕྱི་རོལ་དུ་སྒར་རྒྱག་པའི་བདེ་འཇགས་གསལ་འདེབས།
འབྲུབ་ཆུ་རྒྱས་པའི་དུས་སུ་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་འགྲོ་སྲིད་པས། ཕྱི་རོལ་དུ་སྒར་རྒྱག་སྐབས་གཤམ་གསལ་གྱི་བདེ་འཇགས་དོན་ཚན་ལ་དོ་སྣང་བྱེད་དགོས།
འགྲོ་སའི་ས་ཆ་དེའི་གནམ་གཤིས་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཉེན་ཟོན་སྔོན་བརྡ་དང་གནམ་གཤིས་སྔོན་བརྡ་སོགས་ལ་སྔ་སྣུར་དུ་དོ་སྣང་བྱེད་དགོས། གལ་ཏེ་དྲག་ཆར་དང་འབྲུག་ཆར་སོགས་འབབ་པའི་གནམ་གཤིས་སྔོན་བརྡ་བཏང་ཡོད་ཚེ། ལམ་སེང་འགྲོ་མཚམས་འཇོག་དགོས་པ་ལས། ཉེན་མཆོངས་བྱེད་མི་རུང་།
བྱེད་ནུས་འཐུས་ཚང་ལྡན་པའི་ཚད་ལྡན་སྒར་ས་བདམས་ནས་སྒར་རྒྱག་དགོས་པ་ལས། འོལ་ཚོད་ཀྱིས་དྲ་ཐོག་ཏུ་སྐད་གྲགས་ཡོད་པའི་བདག་སྐྱོང་བྱེད་མཁན་མེད་པའི་ས་ཆར་བསྐྱོད་མི་རུང་ལ། གསར་སྤེལ་བྱས་མེད་པའི་ས་ཁོངས་སུ་འཛུལ་མི་རུང་།
སྒར་བརྒྱབ་ནས་སྡོད་སྐབས། ས་བབ་ཅུང་མཐོ་བ་དང་ཁོད་སྙོམས་ལ་མཐོང་རྒྱ་ཡངས་པའི་ས་ཆ་འདེམས་དགོས་པ་དང་། ཆུ་ལམ་དང་གྲམ་ཐང་། ཆུ་མཛོད་ཀྱི་སྨད་རྒྱུད་སོགས་ཀྱི་ས་ཁོངས་ལས་གཡོལ་གང་ཐུབ་བྱས་ཏེ། ཆུ་ཁ་གློ་བུར་དུ་འཕར་བར་དོགས་ཟོན་བྱེད་དགོས།
སྒར་མ་རྒྱག་གོང་ནས་ཕྱིར་འཐེན་ལམ་ཐིག་གཏན་འཁེལ་བྱེད་དགོས་པ་སྟེ། ཆར་པ་འབབ་པ་དང་ཆུ་ཁ་འཕར་བ་སོགས་གློ་བུར་གྱི་གནས་ཚུལ་འཕྲད་ཚེ། མི་དང་རླངས་འཁོར་མགྱོགས་མྱུར་མཐོ་སའི་བདེ་འཇགས་ཁུལ་དུ་ཕྱིར་འཐེན་བྱེད་ཐུབ་པའི་འགན་ལེན་བྱེད་དགོས།
མདོར་ན། ཕྱི་རོལ་དུ་སྒར་རྒྱག་སྐབས། གནམ་གཤིས་སྔོན་བརྡར་དོ་སྣང་ཆེན་པོ་བྱེད་དགོས་པ་དང་། ཚད་ལྡན་སྒར་ས་འདེམས་དགོས་པ་ལས། སྟེས་དབང་གི་བསམ་བློ་འཁྱེར་ནས་ཉེན་མཆོངས་བྱེད་མི་རུང་།
