ཝང་ཞའོ་ཧུའེ་དང་ཧྲི་ཞའོ་ལིན་ཚོང་འགུགས་ཚོགས་ཆེན་འདིའི་ནང་ཞུགས།

ཡོང་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༧ ཚེས་ ༢༣

2026ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གྲངས་འཛིན་རོགས་ཟླའི་སྐད་ཆ་ཤོད་རེས་དང་ཁྲེང་ཏུའུ་ལ་མ་འཇོག་བྱེད་པའི་གོ་ལ་ཧྲིལ་པོའི་ཚོང་འགུགས་ཚོགས་ཆེན་གྱི་བྱེད་སྒོ་གཙོ་བོ་སྤེལ་བ་དང་།

ཝང་ཞའོ་ཧུའེ་དང་ཧྲི་ཞའོ་ལིན་བྱེད་སྒོར་ཞུགས།

སྤྱི་ཟླ་7ཚེས་21ཉིན། 2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གྲངས་གཞིའི་རོགས་ཟླའི་སྐད་ཆ་ཤོད་རེས་དང་ཁྲེང་ཏུའུ་ལ་མ་འཇོག་བྱེད་པའི་གོ་ལ་ཧྲིལ་པོའི་ཚོང་འགུགས་ཚོགས་ཆེན་གྱི་བྱེད་སྒོ་གཙོ་བོ་ཁྲེང་ཏུའུ་རུ་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཞའོ་ཧུའེ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧྲི་ཞའོ་ལིན་རྣམ་གཉིས་ཚོགས་འདུར་ཞུགས།

བྱེད་སྒོ་མ་སྤེལ་གོང་ཝང་ཞའོ་ཧུའེ་དང་ཧྲི་ཞའོ་ལིན་སོགས་ཀྱིས་ནུས་རྒྱུ་གསར་པའི་རླངས་འཁོར་དང་། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ། སྐྱེ་དངོས་སྨན་རྫས། གློག་རྡུལ་ཆ་འཕྲིན། གྲངས་འཛིན་རིག་གནས་གསར་གཏོད། མི་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་ཁྲེང་ཏུའུ་རུ་བཟོས་པའི་ཚན་རྩལ་ཐོན་རྫས་འགྲེམ་སྟོན་ལ་གཟིགས་པ་རེད། ཝང་ཞའོ་ཧུའེ་ཡིས་ཁྲེང་ཏུའུ་གྲོང་ཁྱེར་གྱིས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པར་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གནང་བ་དང་། ཁོང་གིས་ཁྲེང་ཏུའུ་ནི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་གྱི་ལྟེ་གནས་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁྲེང་ཏུའུ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། ཁྲེང་ཏུའུ་ཡིས་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་བའི་རྒྱང་སྐྱོད་གསར་པའི་ཐོག་འགན་འཁྲི་འཁུར་བ་དང་འདེགས་ཤུགས་ཆེན་པོ་འཁུར་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་རེ་བ་ཆེན་པོ་བཅངས་ཡོད། མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་དང་གྲངས་འཛིན་དཔལ་འབྱོར་དང་མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་ཚད་བརྒལ་ཇེ་མགྱོགས་སུ་ཕྱིན་ནས་ཐོན་ལས་རིགས་སྒྱུར་རིམ་སྤོར་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་བར་སྟོང་རྒྱ་ཆེན་པོ་བསྐྲུན་ཡོད། ཁྲེང་ཏུའུ་ཡིས་གསར་གཏོད་ཐོན་ཁུངས་གཅིག་སྡུད་དང་། ཐོན་ལས་རྨང་གཞི་བརྟན་པོ། ཉེར་སྤྱོད་རྣམ་པ་ཕུན་སུམ་ཚོགས་པ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གྲངས་གཞིའི་རིག་ནུས་ལག་རྩལ་དང་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས།གྲོང་ཁྱེར་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་གཏོད་དགོས། ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་དང་། ཁྲེང་ཏུའུ་གྲོང་ཁྱེར་ཁུལ་གྱི་གྲོང་ཁྱེར་དང་མཐུན་སྦྱོར་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བ། ཐོན་ལས་དང་གསར་གཏོད། ཤེས་ལྡན་མི་སྣ་སོགས་རྒྱུ་རྐྱེན་གཙོ་བོ་ནུས་ཆེའི་ངང་འཁོར་རྒྱུག་བྱེད་པ་དང་། བཟང་ཆ་གསབ་རེས་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲུང་ཆེ་ཐེན་ཆིང་དབྱིང་དང་། ཁྲེང་ཏུའུ་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད། ཏེ་དབྱང་གྲོང་ཁྱེར་དང་མེ་ཧྲན་གྲོང་ཁྱེར། ཙི་དབྱང་གྲོང་ཁྱེར་བཅས་ཀྱི་འགན་འཁུར་བློ་མཐུན། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དང་རྩ་འཛུགས་ཁག་ཅིག་གི་སྐུ་ཚབ་སོགས་བྱེད་སྒོའི་ནང་ཞུགས་ཡོད།