ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡའི་མཐའ་སྐོར་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པ་ཉིང་ཁྲི་གྲོང་ཁྱེར་དུ་སྤེལ།

ཡོང་ཁུངས། བོད་ལྗོངས་བརྙན་འཕྲིན་ཁང་།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༧ ཚེས་ ༡༧

ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི་༼མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་འཕེལ་རྒྱས་མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད༽དང་། ༼ཐུན་མོང་ཐོག་འབྱུང་འཕྲོད་གོང་འཕེལ་གྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུར་སྐུལ་འདེད་གཏང་རྒྱུ༽ཞེས་པ་དེ་ཡིན་ཞིང་། ཀྲུང་གོའི་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བཅས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་། ཀྲུང་གོའི་བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཆུ་ཚད་མཐོ་རུ་གཏོང་བར་རོགས་རམ་བྱས་ནས། ཧི་མ་ལ་ཡའི་མཐའ་སྐོར་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱི་ནང་དོན་ཟབ་ཏུ་གཏང་རྒྱུ་ཡིན་ཅིང་། ཕྱོགས་ཁག་གིས་མཉམ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་གྲོས་མོལ་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་བྱ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

གྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡའི་མཐའ་སྐོར་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ནི་བོད་ལྗོངས་ཀྱིས་རྒྱལ་ཁབ་ཁག་དང་ཕན་ཚུན་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། བོད་ཀྱིས་ཨེ་ཤེ་ཡ་ལྷོ་མ་དང་དེ་བཞིན་འཛམ་གླིང་ལ་ཁ་ཕྱོགས་པའི་སྒོ་འབྱེད་སྤེལ་རེས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་པས། ཕྱོགས་ཁག་དབར་མཐུན་སྒྲིལ་ངང་རྒྱལ་སྤྱི་དང་ས་ཁུལ་ཁག་ཅིག་གི་གནད་དོན་ཐག་གཅོད་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བར་ནུས་པ་ཆེན་པོ་ཐོན་གྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་གླེང་སྟེགས་ཐོག་སྐུ་མགྲོན་༤༠༠ལྷག་ཙམ་ཕེབས་ཡོད་པ་དང་། ས་མཐོའི་སྐྱེ་ཁམས་དང་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཞིགས་ནས་གླེང་སྟེགས་གཙོ་བོ་དང་། ས་མཐོའི་གནམ་གཤིས་འགྱུར་ལྡོག་དང་སྐྱེ་ཁམས་བདེ་འཇགས། ས་མཐོའི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་གོང་འཕེལ། ས་མཐོའི་ལུས་རྩལ་མཉམ་ལས། ས་མཐོའི་སྔོ་ལྗང་འབྱུང་འཕྲོད་བཅས་ཀྱི་སྐོར་ལ་ཡན་ལག་གླེང་སྟེགས་ཁག་༤བཙུགས་ནས། ས་མཐོའི་འཕེལ་རྒྱས་ཀྱི་བརྗོད་གཞི་དེ་ཕྱོགས་མང་པོའི་ཐོག་ནས་ཧི་མ་ལ་ཡའི་མཐའ་སྐོར་རྒྱལ་ཁབ་དང་ས་ཁུལ་ཁག་དབར་མཉམ་ལས་བྱེད་པའི་ཆེད་ལས་ཀྱི་སྐད་ཆ་ཤོད་སའི་གླེང་སྟེགས་ཤིག་བཏོད་ཡོད།

ས་ཡུལ་དངོས་ཀྱི་པར་རིས།

འགོ་ཚུགས་མཛད་སྒོའི་ས་ཡུལ་དངོས་ཀྱི་གཡས་གཡོན་དུ་འཕྲུལ་ཆས་ཀྱིས་དུས་ཐོག་ཏུ་སྐད་སྒྱུར་བྱེད་ས་བཀོད་སྒྲིག་བྱས་ཡོད་པས། སྐད་ཡིག་མི་འདྲ་བའི་རྒྱལ་ཁབ་དབར་བགྲོ་གླེང་བྱེད་ཐུབ་པ་དང་། ཐག་རིང་ནས་ཕེབས་པའི་སྐུ་མགྲོན་ཚོར་སྐད་རིགས་ཀྱི་བཀག་རྒྱ་མེད་པར་སྐད་ཆ་ཅི་དགར་ཤོད་སའི་སྟེགས་བུ་བསྐྲུན་ཡོད།