ཞི་ཅིན་ཕིང་གི་མི་ཐབས་རིག་ནུས་སྐོར་གྱི་གསུང་བཤད་ལ་ལན་ཆ་ཆེ་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༧ ཚེས་ ༢༠

ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་རུ་2026ལོའི་འཛམ་གླིང་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་མཐོ་རིམ་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ་དང་། ཁོང་གིས། མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་ཐད་ཀྱི་ཀྲུང་གོའི་སྲིད་ཇུས་ལངས་ཕྱོགས་དང་འདུ་ཤེས་འདོད་ཚུལ་ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་རྒྱས་བཤད་གནང་བ་རེད། ཚོགས་ཞུགས་སྐུ་མགྲོན་གྱིས། ཀྲུང་གོས་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་འགོ་དང་བྱེད་ཐབས་བཏོན་གནང་ནས། གོ་ལ་ཧྲིལ་པོའི་གྲངས་འཛིན་དང་རིག་ནུས་ཀྱི་འགལ་རྐྱེན་སེལ་རྒྱུ་དང་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་དེ་དགེ་སྒྲུབ་ཀུན་ཕན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་ཇུས་གཞི་མཁོ་འདོན་གནང་ཡོད་ཅེས་གསུངས་ཡོད།

མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་ཚད་བརྒལ་མགྱོགས་མྱུར་འབྱུང་བཞིན་ཡོད་པས། གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ལག་རྩལ་གསར་གཏོད་ལ་གོ་སྐབས་ཧ་ཅང་ཆེན་པོ་འདུས་ཡོད་ལ་བཅོས་སྐྱོང་གི་འགྲན་སློང་ཡང་འཕྲད་ཡོད། དུས་རབས་ཀྱི་དྲི་བར་དམིགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་ཐད་དགོངས་འཆར་བཞི་བཏོན་གནང་བ་སྟེ། སྒོ་དབྱེ་མཉམ་རྒྱལ་མཐའ་འཁྱོངས་བྱས་ནས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཉེན་ཁའི་འདུ་ཤེས་ཟབ་ཏུ་བཏང་ནས་བདེ་འཇགས་ཚོད་འཛིན་ཐུབ་པའི་འགན་ལེན་བྱེད་དགོས་པ། ཁོང་ཡངས་གཅིག་སྡུད་ལ་སྐུལ་མ་བཏང་ནས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས་པ། ཕྱར་བ་གྲུ་འདེགས་དར་སྤེལ་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས་པ་བཅས་ཀྱི་ནན་སྟོན་གནང་ཡོད། ཚོགས་ཞུགས་སྐུ་མགྲོན་གྱིས། དགོངས་འཆར་བཞི་པོའི་ནང་འཕེལ་རྒྱས་དང་བདེ་འཇགས། ཤེས་དཔལ། བཅོས་སྐྱོང་སོགས་ཀྱི་ཐད་ནས་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་ཐད་ཀྱི་ཀྲུང་གོའི་འདུ་ཤེས་དང་འདོད་ཚུལ་ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་རྒྱས་བཤད་གནང་ཡོད་པས། གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་ལ་ཁྲིད་སྟོན་ནུས་ལྡན་ཐུབ་རྒྱུ་རེད་ཅེས་གསུངས་ཡོད།

2025ལོའི་ནོ་པེར་རྫས་འགྱུར་བྱ་དགའ་ཐོབ་མཁན་ཨའོ་མར·ཡ་ཅི་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འདོད་ཚུལ་ནི་གཟིགས་རྒྱང་རིང་བ་དང་དགོངས་དོན་གཏིང་ཟབ་པ། དོན་སྙིང་གལ་ཆེ་བ་བཅས་ཡིན་ཞིང་། མི་ཐབས་རིག་ནུས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ལྟེ་བའི་ཁ་ཕྱོགས་ལ་ཁྲིད་སྟོན་གནང་ཡོད། མི་ཐབས་རིག་ནུས་རང་འགུལ་ངང་བེད་སྤྱོད་དང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་བདེ་སྐྱིད་ཅིག་ཡིན་ཞེས་གསུངས་ཡོད།

2025ལོའི་ཐུའུ་ལིང་བྱ་དགའ་ཐོབ་མཁན། མོང་ཐེ་ལིའར་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཅིའར·པུའུ་ལ་ས་ཏེ་ཡིས། སྒོ་དབྱེ་མཉམ་རྒྱལ་མཐའ་འཁྱོངས་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དགོངས་འཆར་ལ་ང་རང་རྦད་དེ་མོས་མཐུན་ཡོད། མི་ཐབས་རིག་ནུས་ཀྱི་ལག་རྩལ་དེ་དགོས་མཁོ་ཡོད་པའི་མི་ཚང་མར་སྒོ་དབྱེ་དགོས། ཀྲུང་གོས་མདུན་གྲལ་གྱི་ཚན་རིག་རིགས་པའི་གཞུང་ལུགས་དོན་འཁྱོལ་བརྗེ་སྒྱུར་དང་རྨང་གཞིའི་ཞིབ་འཇུག་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ལ་མིག་དཔེ་འདོན་ཐུབ་ངེས་རེད་ཅེས་གསུངས་ཡོད།

ཕུའུ་ཅང་ཚོད་ལྟ་ཁང་གི་ཀྲུའུ་རེན། དབུ་བཞུགས་ཚན་རིག་མཁས་ཅན་ཀྲོའུ་པོ་ཝུན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་དགོངས་འཆར་བཞི་པོའི་ནང་མི་ཐབས་རིག་ནུས་ཀྱིས་ཅི་ཞིག་ལ་བརྟེན་ནས་གསར་གཏོད་བྱེད་པ་དང་། སུ་ལ་ཞབས་འདེགས་ཞུ་བ། ཇི་ལྟར་བྱས་ནས་སྒོ་དབྱེ་མཉམ་རྒྱལ་བྱེད་པ། ཇི་ལྟར་བྱས་ནས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་སྲུང་བ་སོགས་ཀྱི་བརྗོད་གཞི་གལ་ཆེན་ལ་མ་ལག་ལྡན་པའི་སྒོ་ནས་ལན་བསྐྱོན་གནང་ཡོད། ཚོད་ལྟ་ཁང་གི་ངོས་ནས་བརྗོད་ན། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཐོག་མའི་གསར་གཏོད་ཡག་པོ་བྱེད་པ་དང་ཚན་རྩལ་འགག་སྒྲོལ་ཡག་པོ་བྱ་དགོས་ཞེས་གསུངས་ཡོད།

ཡུས་ཧྲུའུ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཝང་ཤིན་ཤིང་གིས། དགོངས་འཆར་གལ་ཆེན་དེ་དག་གིས་ང་ཚོའི་འབྱུང་འགྱུར་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་འབྱུང་འགྱུར་ཁ་ཕྱོགས་དེར་གཞིགས་ནས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། AI(མི་ཐབས་རིག་ནུས་)དང་གཞི་རིམ་གྱི་བཅོས་སྐྱོང་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག འཛམ་གླིང་མི་ཐབས་རིག་ནུས་མཉམ་ལས་སྒྲིག་འཛུགས་(WAICO)ཧྲང་ཧའེ་རུ་དུས་བསྟུན་བཙུགས་པ་རེད། དེ་ནི་ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རེ་འབོད་དང་ལེན་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཐུན་སྒྲིལ་བྱས་ནས་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། དེ་ཉིད་མི་ཐབས་རིག་ནུས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བསྟན་གནང་ཡོད། ཚོགས་ཞུགས་སྐུ་མགྲོན་གྱིས། དེ་ནི་ཀྲུང་གོས་འཛམ་གླིང་ལ་ལེགས་སྐྱེས་ཕུལ་བའི་སྤྱི་པའི་ཐོན་རྫས་གལ་ཆེན་གཞན་ཞིག་ཡིན་པ་དང་། དེས་རྒྱལ་ཁབ་ཁག་གི་དགོས་མཁོ་དང་སྒྲིག་སྲོལ་ཚད་གཞི་སྦྲེལ་མཐུད་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་ཐོགས་རྒྱུ་རེད་ཅེས་གསུངས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་གྲངས་འཛིན་དང་གསར་དར་ལག་རྩལ་གྱི་དམིགས་བསལ་ཕོ་ཉ་གཅིག་ལྕོགས་ཨ་མན་ཏི་ཕུའུ·ཤིན་ཀེ·ཅིའར་གྱིས། ང་རང་ནས་སྒྲིག་འཛུགས་དེས་ཕྱོགས་མང་མཉམ་ལས་ཀྱི་དགོས་ངེས་རང་བཞིན་ཆེ་རུ་བཏང་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་ཁབ་29ཐུན་མོང་ཐོག་དེའི་ནང་ཞུགས་ཡོད་ཅིང་། བྱེད་ཐབས་དེ་རིགས་ཀྱིས་རིག་ནུས་ཀྱི་འགལ་རྐྱེན་སེལ་རྒྱུར་ཕན་ཐོགས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་དང་མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་ཁྱབ་ཁོངས་སུ་མཉམ་ལས་དམ་ཟབ་བྱས་པ་དང་འབྲེལ་མི་ཐབས་རིག་ནུས་ཀྱི་གྲུབ་འབྲས་ཀྱིས་གོ་ལ་ཧྲིལ་པོའི་ས་གནས་ཁག་ལ་ཕན་པ་ཐོབ་རྒྱུར་གཞོལ་བཞིན་ཡོད། དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་འཕོ་འགྱུར་རང་བཞིན་ཆེ་ཤོས་ལྡན་པའི་ལག་རྩལ་གྱི་གྲས་ཤིག་རེད་ཅེས་གསུངས་ཡོད།

རྒྱལ་སྤྱིའི་གྲངས་འཛིན་མཉམ་ལས་སྒྲིག་འཛུགས་གྲངས་འཛིན་དཔལ་འབྱོར་ཆ་འཕྲིན་པུའི་ཀྲུའུ་རེན་ཨ་ལ·ཨ་པུའུ་ཏུའུ་ལེ་ཡིས། རྒྱལ་ཁབ་དབར་སྐད་ཆ་ཤོད་རེས་དང་གསར་གཏོད་བྱེད་འགོ་བཙུགས་ནས་མི་ཚང་མ་གྲངས་འཛིན་དཔལ་འབྱོར་ནང་ཞུགས་ཐུབ་རྒྱུ་དམིགས་ཡུལ་དུ་བྱེད་པའི་གྲོས་འགོ་གང་ཞིག་ཡིན་རུང་ཚང་མར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། རྒྱལ་ཁབ་ཁག་གི་འཐུས་མིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ། ཕྱོགས་གང་རུང་ཞིག་ཀྱང་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་རྗེས་སུ་མི་ལུས་པ་བྱེད་པ་དེ་ནི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་སྨོས་མེད་རེད་ཅེས་གསུངས་ཡོད།

ལྷོ་ཨ་ཧྥེ་རི་ཁའི་ཚན་རིག་ལག་རྩལ་དང་གསར་གཏོད་པུའི་པུའུ་ཀྲང་ཨེན་ཆི་མན་ཏི་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་མི་ཐབས་རིག་ནུས་མཉམ་ལས་སྒྲིག་འཛུགས་ཀྱི་དོན་སྙིང་གལ་ཆེན་སྐོར་གླེང་སྐབས་ཀྱི་དགོངས་ཚུལ་མང་པོ་ཞིག་གིས་ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ནན་སྟོན་གནང་བ་དང་རྒྱལ་ཁབ་ཁག་ཐུན་མོང་ཐོག་ཞུགས་རྒྱུ་དར་སྤེལ་གཏོང་བ་དེ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ལ་མི་ཐབས་རིག་ནུས་ཀྱི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འདང་གི་མེད་པས། ཀྲུང་གོ་ལྟ་བུའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཆེན་པོས་རང་འགུལ་ངང་ཆ་རྐྱེན་བསྐྲུན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་ཏན་ཏིག་ཐུབ་པ་བྱེད་བཞིན་ཡོད་ཅེས་གསུངས་ཡོད།

འདུ་ཤེས་ཀྱི་སྟོབས་ཤུགས་ནི་བྱ་སྤྱོད་ལ་བརྟེན་ནས་མངོན་དགོས།

གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་དང་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ཁྱབ་བསྒྲགས་གནང་ཡོད། འབྱུང་འགྱུར་ལོ་5ཡི་ནང་། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་གྲངས་5000ལ་མི་ཐབས་རིག་ནུས་ཀྱི་ཆེད་དོན་ཞིབ་འཇུག་ཟབ་སྦྱོང་གི་གསོ་སྦྱོང་བྱ་རྒྱུ་དང་། ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཨ་རབ་མནའ་འབྲེལ། ཨ་ཧྥེ་རི་ཁ་མནའ་འབྲེལ། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་གཅིག་མཐུན་ཚོགས་པ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས། འབོ་གསེར་རྒྱལ་ཁབ་བཅས་ལ་རྒྱལ་སྤྱིའི་མི་ཐབས་རིག་ནུས་བཀོལ་སྤྱོད་མཉམ་ལས་ལྟེ་གནས་འཛུགས་རྒྱུ། གནམ་གཤིས་རིག་ནུས་སྔོན་བརྡའི་ཇུས་གཞི་“མ་ཙུའུ་”རྒྱལ་ཁབ་30རུ་དོན་འཁྱོལ་དང་བེད་སྤྱོད་བྱ་རྒྱུ་བཅས་ཡིན་པ་རེད། ཚོགས་ཞུགས་སྐུ་མགྲོན་གྱིས། ཀྲུང་གོས་རིག་ནུས་དགེ་སྒྲུབ་དང་ཀུན་ཕན་ཁོང་ཡངས། བདེ་འཇགས་ཚོད་འཛིན་བཅས་དར་སྤེལ་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རོགས་ཧུར་ཐག་བྱེད་པ་དང་མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དེའི་ཐོག་ནས་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་འགན་སེམས་མངོན་ཡོད་ཅེས་གསུངས་ཡོད།

ཀྲུང་གོ་དང་ཡོ་རོབ་གྲངས་འཛིན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལུའུ་དབྱི་ཅི·ཅ་མུའུ་པ་ཏེ་ལ་ཡིས། ངས་བལྟས་ན་ཀྲུང་གོས་གཞོན་ནུ་5000ལ་གསོ་སྦྱོང་བྱ་རྒྱུའི་གྲོས་འགོ་བཏོན་པ་དེ་ཧ་ཅང་ཡག་པོ་འདུག གང་ལགས་ཤེ་ན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རོགས་བྱེད་པའི་གལ་ཆེའི་རང་བཞིན་གསལ་པོ་མཁྱེན་གྱི་ཡོད་དེ། དེས་ཁོང་ཚོ་རང་ཉིད་ནས་མི་ཐབས་རིག་ནུས་ཀྱི་རིགས་གཅིག་མཁས་པ་གསོ་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད། དེ་ནི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་མང་པོ་ཞིག་གི་འབྱུང་འགྱུར་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ཏེ། ཁོང་ཚོ་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་མྱུར་བགྲོད་མེ་འཁོར་ནང་ཞུགས་རྒྱུར་རོགས་རམ་ཐུབ་རྒྱུ་རེད་ཅེས་གསུངས་ཡོད།

ཨ་ཧྥེ་རི་ཁ་མནའ་འབྲེལ་སློབ་གསོ་ཚན་རིག་ལག་རྩལ་དང་གསར་གཏོད་པུའི་ཀྲོན་ཡོན་ཅ་སི་ཕའར·པན་དབྱང་ཅིན་པོ་ན་ཡིས། མི་ཐབས་རིག་ནུས་ཀྱིས་དགེ་སྒྲུབ་དང་མི་ཐབས་རིག་ནུས་ཀྱིས་དམངས་ལ་ཞབས་ཞུ་སྒྲུབ་ཀྱི་ཡོད་པས། མི་ཐབས་རིག་ནུས་བཅོས་སྐྱོང་བྱ་རྒྱུ་དེ་ཕྱོགས་ཁག་གིས་ཐུན་མོང་ཐོག་ཐག་གཅོད་དགོས་པ་ལས་རྒྱལ་ཁབ་རྐྱང་པ་ཞིག་གིས་རང་ངོས་ཀྱི་ཁེ་ཕན་ལ་གཞིགས་ནས་ཐག་གཅོད་རྒྱུ་དེ་མིན། འདི་ནི་ངས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཁྲོད་ནས་གོ་བ་བླངས་པའི་ཆེས་ལྟེ་བའི་ཆ་འཕྲིན་ཡིན། ང་ཚོས་ལག་རྩལ་འཕེལ་རྒྱས་ཀྱི་གོ་སྐབས་མི་ཉུང་བ་ཞིག་ཤོར་ཟིན་པས། འདི་ཡང་ད་ཐེངས་ཀྱི་ཚོགས་འདུ་གཟབ་རྒྱས་འདིའི་ནང་ཞུགས་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་རྒྱུ་མཚན་ཡང་ཡིན་ཞེས་གསུངས་ཡོད།

ཨ་རིའི་ཅ་ལེ་ཧྥུ་ཉི་ཡ་མངའ་སྡེའི་མཉེན་ཆས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཉི་ཅི·ཅ་སི་ཏི་ནེར་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཤེས་ལྡན་མི་སྣ་སྟོང་ཕྲག་ཁ་ཤས་གསོ་སྐྱོང་དང་ལེ་ལག་ཚང་བའི་ཐོན་ལས་འབྱུང་ཁམས་གཏོད་པ། འཛམ་གླིང་རྒྱལ་ཁབ་ཁག་དང་ལས་རིགས་ཁག་གི་སྤྱི་ཚོགས་ཚོགས་པ་མཐུན་སྒྲིལ་བཅས་བྱས་ནས། མིའི་རིགས་ཡོངས་ཀྱི་འཚོ་བ་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་རྒྱུ་སོགས་ཀྱི་འཆར་གཞི་རབ་དང་རིམ་པ་བཏོན་པར་བག་ཆགས་ཧ་ཅང་ཟབ་མོ་བྱུང་། ཀྲུང་གོས་སྒོ་དབྱེ་མཐའ་འཁྱོངས་དང་མི་ཐབས་རིག་ནུས་ལ་བརྟེན་ནས་མིའི་རིགས་ལ་བདེ་སྐྱིད་སྐྲུན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་འདི་ནི་མིག་རྒྱང་རིང་ཞིང་ཀུན་ཕན་ཁོང་ཡངས་ཤིག་ཡིན་པས་བརྩི་བཀུར་ཞུ་འོས་པ་ཞིག་ཡིན། གོ་ལ་ཧྲིལ་པོར་འབྲེལ་གཏུག་མཉམ་ལས་ཀྱི་འབྲེལ་ཟམ་དེ་བས་མང་བ་བསྐྲུན་པ་ལས་བར་གཅོད་དང་ཁ་གཏད་ཀྱི་གྱང་མཐོན་པོ་མི་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཀྲུང་གོ་གནམ་གཤིས་ཅུས་རྒྱལ་སྤྱིའི་མཉམ་ལས་སིའི་སི་ཀྲང་ཀྲང་ཤིན་དབྱིང་གིས། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། གསར་གཏོད་ལག་ལེན་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཡུལ་བབ་དང་བསྟུན་ནས་“རྒྱལ་ཁབ་གཅིག་ལ་ཐབས་ཇུས་གཅིག་”གིས་“མ་ཙུའུ་”ཡི་ཇུས་གཞི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དེ་བས་མང་བར་གནད་སྨིན་ངང་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།

ཆིང་ཧྭ་སློབ་ཆེན་མི་ཐབས་རིག་ནུས་སློབ་གླིང་གི་འགོ་འཛིན་ཡའོ་ཆི་ཀྲི་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནང་ནས་ང་རང་ལ་བག་ཆགས་ཆེས་ཟབ་ཤོས་བཞག་པ་ནི་ང་ཚོའི་མི་ཐབས་རིག་ནུས་དེ་ངེས་པར་དུ་ཀུན་ཕན་ཡོང་བ་བྱེད་དགོས་ཞེས་པ་དེ་ཡིན། ང་ཚོ་མི་ཐབས་རིག་ནུས་ཀྱི་བདེ་འཇགས་ཞིབ་འཇུག་བྱེད་མཁན་གྱི་ཞིབ་འཇུག་མི་སྣ་ཞིག་ཡིན་པའི་ངོས་ནས་བརྗོད་ན། ང་ཚོའི་ལག་རྩལ་རྩེ་གྲ་ཡོང་བ་བྱ་རྒྱུ་དེ་ནི་ང་ཚོའི་འགན་འཁྲི་ཡིན། མི་ཐབས་རིག་ནུས་བཅོས་སྐྱོང་བྱེད་པར་ངེས་པར་དུ་རྒྱལ་ཁབ་ཚང་མ་མཉམ་དུ་ཞུགས་པ་དང་མཉམ་ལས་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད།

ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ཀྲུང་གོས་དེ་བས་སྒོ་དབྱེའི་རྣམ་འགྱུར་དང་དེ་བས་དངོས་སྒྲུབ་ཀྱི་བྱ་སྤྱོད། དེ་བས་ཕུགས་ཕན་གྱི་མིག་རྒྱང་བཅས་ཀྱི་ཐོག་ནས་ཕྱོགས་ཁག་དང་མཉམ་དུ་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་གོ་སྐབས་སྟངས་འཛིན་དང་འགྲན་སློང་ལ་ཁ་གཏད་བཅག་སྟེ། ལག་གདང་སྦྲེལ་ནས་མིའི་རིགས་སྤྱི་ཚོགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་འདོད་ཡོད།