ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་བ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་15ཉིན་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། སྤུས་ཚད་མཐོ་པོས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་བ་ནི་གྲོང་ཁྱེར་དེང་རབས་ཅན་འཛུགས་སྐྲུན་གྱི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཡིན་པས། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། དམངས་ཀྱི་དགོས་མཁོ་འདྲི་བ་དང་དམངས་ལ་ཇུས་འདྲི་བ། དམངས་ལ་ཕན་འབྲས་འདྲི་བ་བཅས་མཐའ་འཁྱོངས་བྱས་ཐོག གྲོང་ཁྱེར་གསར་སྒྱུར་གྱི་ལས་དོན་ཁག་གཏིང་ཟབ་ཅིང་ཞིབ་ཚགས་དང་ཏན་ཏིག་ངང་བསྒྲུབས་ཏེ། གྲོང་མི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཚེས་15ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅི་ཉིང་དང་གྲོང་སྤྱི་ཀུང་ཀྲེང་གི་ཕེབས་རོགས་འོག ཞི་ཅིན་ཕིང་གིས་ཧོང་ཕུའུ་ཆུས་ཀྱི་པན་སུང་ཡོན་ལམ་ཁྲོམ་གཞུང་ཧྲི་རྨིན་གྲོང་གསར་གྱི་གྲོང་མིའི་ཁུལ་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་རེད།
ཧྲི་རྨིན་གྲོང་གསར་གྱི་གྲོང་མིའི་ཁུལ་དུ་དུས་རབས་གོང་མའི་ལོ་རབས་50པར་བསྐྲུན་པའི་ཐོག་ཁང་4ལ་བསྐྱར་བཟོ་གསར་སྒྱུར་བྱས་ཏེ། ཁེར་རྐྱང་གི་ཐབ་ཚང་དང་གསང་སྤྱོད་བཟོས་པ་དང་། གློག་སྐས་བཙུགས་ཡོད་པས། སྡོད་གནས་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ཞི་ཅིན་ཕིང་སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་སུ་ཕེབས་ཏེ། ཧྲང་ཧའེ་གྲོང་ཁྱེར་གྱིས་འཕྲོད་བསྟེན་སྒྲིག་བཀོད་མེད་པའི་ཁང་པ་རྙིང་པ་རིམ་སྤོར་སྒྱུར་བཀོད་དང་གྲོང་ཁུལ་རྙིང་པའི་གྲོང་མིས་ཆབ་གཞོང་ལ་བརྟེན་ནས་བཙོག་གཅིན་གཏོང་བའི་གནད་དོན་ལོ་རྒྱུས་རང་བཞིན་གྱིས་ཐག་གཅོད། དེ་བཞིན་སྡེ་ཁུལ་སྒྱུར་བཀོད་ཀྱི་གནས་ཚུལ་སོགས་ངོ་སྤྲོད་ཞུས་པར་གསན་པ་དང་འབྲེལ། ས་གནས་ས་ཐོག་གི་ལས་དོན་མི་སྣར་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་གྲོང་ཁྱེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། གསར་གཏོད་དང་གནས་འཕྲོད། མཛེས་སྡུག གཉེན་གཤིས། ཤེས་དཔལ། བློ་གྲོས་བཅས་ལྡན་པའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་བསྐྲུན་པར་གྲོང་ཁྱེར་གྱི་སྡེ་ཁུལ་རྙིང་པ་སྒྱུར་བཀོད་བྱ་རྒྱུ་ནི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ཞེས་ཁ་གསལ་བཏོན་ཡོད། ལས་ཀའི་ཁྲོད་ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ཏེ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ལ་དགོས་མཁོ་ཡོད་སར་རོགས་རམ་བྱེད་པ། སྲིད་ཇུས་དང་བྱེད་ཐབས་ནུས་ལྡན་གཏན་འབེབས་དང་ལག་བསྟར་བྱེད་པ། སྙིང་རུས་གཏན་འཁྱོངས་བཅས་བྱས་ནས། དམངས་ཀྱིས་དོ་ཁུར་བྱེད་པའི་བྱ་བ་རེ་རེ་བཞིན་ལེགས་པར་བསྒྲུབས་ཏེ། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། འཚེམ་དྲུབ་ལྟར་གྱི་ཞིབ་ཚགས་རྩལ་ནུས་ལ་བརྟེན་ནས་ཁུལ་ཆུང་གི་སྡེ་ལས་དོ་དམ་དང་དམངས་ཕན་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། གྲོང་མི་མང་ཚོགས་བློ་ཡིད་ཚིམ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ལས་འཁྱུར་ངལ་གསོའི་གྲོང་མི་ཀྲུའུ་གོ་ལིའི་ཁྱིམ་དུ། ཞི་ཅིན་ཕིང་གིས་སྡོད་གནས་ཀྱི་གནས་ཚུལ་ལ་རྟོག་ཞིབ་ཞིབ་ཕྲ་གནང་བ་རེད། ཀྲུའུ་གོ་ལི་ཡིས་སྤྱི་ཁྱབ་ཧྲུའུ་ཅིར། ད་ཆ་རང་ཁྱིམ་དུ་ཐབ་ཚང་དང་གསང་སྤྱོད་ཡོད་པས་འཚོ་བ་སྟབས་ཇེ་བདེར་ཕྱིན་སོང་ཞེས་ཞུས། ཞི་ཅིན་ཕིང་གིས་གསན་རྗེས་ཐུགས་དགྱེས་ཚོར་ཆེན་པོ་གནང་ཡོད། ཁོང་གིས། “འདབ་ལོ་རེ་རེས་སེམས་ཀྱི་གདུང་བ་འདྲེན” ཞེས་པ་ལྟར། དམངས་ཀྱི་འཚོ་བ་ནི་ཁྱིམ་དོན་ཡིན་ལ་དེ་བས་ཀྱང་རྒྱལ་དོན་ཡིན། གུང་ཁྲན་ཏང་ནི་དམངས་ལ་ཞབས་འདེགས་ཞུ་མཁན་ཞིག་ཡིན་པས། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་དང་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་ན། ད་གཟོད་ཏང་དང་སྲིད་གཞུང་བློ་བདེ་པོ་ཡོང་ཐུབ། ཁྱེད་ཚོས་ལས་འཁྱུར་ངལ་གསོའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ནས་ཁྱིམ་ཚང་འཛུགས་སྐྱོང་དེ་བས་ལེགས་པ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་ཡོད།
དེ་རྗེས། ཞི་ཅིན་ཕིང་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ས་ཚིགས་སུ་ཕེབས་ནས་དམངས་ཕན་ཚལ་ཁྲོམ་གྱི་ཤིང་ཏོག་དང་སྔོ་ཚལ་མཁོ་སྤྲོད་བྱས་ཚུལ་ལ་རྟོག་ཞིབ་གནང་བ་དང་། “གྲོང་མིའི་མགྲོན་ཁང་”དུ་ཕེབས་ནས་གྲོང་མིའི་འཐུས་མི་དང་ཁྲོམ་གཞུང་གི་ལས་བྱེད་པ། སྡེ་ཁུལ་གྱི་ལས་དོན་པ་སོགས་ལ་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། ཞི་ཅིན་ཕིང་གིས། སྡེ་ཁུལ་ནི་གྲོང་ཁྱེར་བཅོས་སྐྱོང་མ་ལག་གི་གཞི་རྩའི་ཚན་པ་ཞིག་རེད། སྡེ་ཁུལ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ཁུངས་དང་ཞབས་ཞུ། དོ་དམ་སོགས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཕྱོགས་རྒྱུར་སྐུལ་འདེད་བཏང་ནས། རྒྱུན་མཐུད་ངང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་མཐུན་རྐྱེན་སྦྱོར་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། སྡེ་ཁུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་གི་གྲོང་མི་ཨུ་ཡོན་ལྷན་ཁང་དང་གཞིས་བདག་ཨུ་ཡོན་ལྷན་ཁང་། སྡེ་ལས་ཞབས་ཞུའི་ཁེ་ལས་བཅས་ཀྱིས་མཐུན་སྦྱོར་ངང་འཁོར་སྐྱོད་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། འཐུས་སྒོ་ཚང་བའི་སྡེ་ཁུལ་དང་དམངས་ལ་སྟབས་བདེ་བསྐྲུན་པའི་འཚོ་བའི་ཁུལ་ཁོངས་འཛུགས་སྐྱོང་བྱེད་པ་དང་། བརྩེ་བ་ཟབ་མོས་གྲོང་མིར་བྱ་བཟང་སྒྲུབ་པ་དང་བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་རོགས་བྱེད་དགོས་ཞེས་བསྟན་གནང་ཡོད།
རྟོག་ཞིབ་གནང་བའི་ལམ་བར་དུ། ཞི་ཅིན་ཕིང་གིས། མིག་སྔར་ནི་འབྲུབ་འགོག་གི་འགག་རྩའི་དུས་སྐབས་ཡིན་པས། ས་ཁུལ་ཁག་དང་འབྲེལ་ཡོད་ཕྱོགས་ཁག་གིས་མཐའ་ཚད་བསམ་གཞིགས་དང་མཐར་སོན་བསམ་གཞིགས་བརྟན་པོ་བྱས་ཐོག ཆར་ཆུ་དང་འབྲུབ་ཆུའི་གནས་ཚུལ་དང་རྒྱ་མཚོའི་རླུང་འཚུབ་ཀྱི་དུས་བབ་ལ་དོ་ཁུར་ཟབ་མོ་བྱས་ནས། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་དང་ཞིབ་ཚགས་བྱེད་པ་དང་། འབྲུབ་འགོག་དང་ཆུ་ལོག་སྔོན་འགོག ཉེན་སེལ་གེགས་སེལ་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཡིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད།
