གནའ་མཁར་བརྗིད་ཉམས་ཆེ་བའི་ནང་། བསིལ་འཇམ་རླུང་བུ་དལ་བུར་རྒྱུ།——ཟུང་ཆུའི་གནའ་མཁར་གྱི་བསིལ་འཇམ་ཆེ་བའི་ཁོར་ཡུག་དེ་ཚ་གཡོལ་བྱ་ཡུལ་གསར་པ་ཞིག་ཏུ་གྱུར།

ཉིན་བསྟུན་མ་ནས་བཟུང་། རྒྱལ་ཡོངས་ཀྱི་ས་ཆ་མང་པོ་ཞིག་ལ་རྒྱུན་མཐུད་ངང་ཚ་དྲོད་ཇེ་མཐོར་སོང་། དེ་དང་བསྟུན་ནས་ཚ་བར་གཡོལ་བའི་ཞོར་ནས་ཡུལ་སྐོར་དུ་བསྐྱོད་པ་གཙོ་རྒྱུགས་ལྟ་བུ་ཞིག་ཏུ་གྱུར། ཟུང་ཆུ་རྫོང་གི་གནའ་མཁར་གྱིས་བསིལ་འཇམ་ལྡན་པའི་གནམ་གཤིས་ཀྱི་ཁྱད་ཆོས་དང་མིར་སྡོད་པར་ཤིན་ཏུ་འཚམ་པའི་ཁོར་ཡུག །ཡུལ་སྲོལ་གོམས་གཤིས་ཀྱི་རིག་གནས་བཟང་པོ་སོགས་ལ་བརྟེན་ནས་ཕྱོགས་དང་ཕྱོགས་ནས་འོངས་པའི་མགྲོན་པོ་རྣམས་ཀྱི་ཡིད་དབང་བཀུག་ཅིང་། དབྱར་གྱི་དུས་སུ་ཚ་བར་གཡོལ་བའི་གནས་མཆོག་ཏུ་གྱུར་པ་ཞིག་ཏུ་གྱུར་ཡོད། ས་སྲོད་ཀྱི་མཚམས་སུ་ཐོན་པ་ན། གནའ་མཁར་གྱི་ཐང་ཆེན་དུ་མི་རིགས་ཀྱི་དམངས་སྲོལ་རིག་གནས་སྣ་ཚོགས་བཤམ་འཁྲབ་བྱས་ཏེ། ཡུལ་སྐོར་པ་དག་གིས་ཁྲོམ་སྲང་ཉུལ་བའི་ཞོར་ནས་མི་རིགས་ཀྱི་དམངས་སྲོལ་རིག་གནས་སྣ་ཚོགས་ཉམས་སུ་མྱོང་ཆོག་པ་དང་མཐོ་སྒང་གི་མི་རིགས་དག་གི་ལྷད་མེད་དྭངས་གཙང་གི་རང་བཞིན་དང་མགྲོན་པོར་རྩིས་མཐོང་ཟབ་པའི་ངང་ཚུལ་ཉམས་སུ་མྱོང་ཆོག་པར་ཡོད།

ཟུང་ཆུ་རྫོང་གི་གནའ་མཁར་ནི་ཁྲོན་ནུབ་མཐོ་སྒང་གི་ཆུ་རོང་དུ་ཆགས་ཡོད་ལ། གནའ་མཁར་གྱི་ལོ་རྒྱུས་ཡུན་རིང་ཞིང་བཟོ་བཀོད་ངོ་མཚར་ཁྱད་དུ་འཕགས་པ་ཞིག་ཡིན་པར་མ་ཟད། རྒྱ་བོད་མི་རིགས་རྣམས་ཡུན་རིང་གི་ལོ་རྒྱུས་ཁྲོད་འཆམ་མཐུན་མཉམ་གནས་བྱས་ནས་ཐུན་མོང་གི་ཁྱིམ་གཞིས་བསྐྲུན་པའི་བདེན་རྟགས་ལྟ་བུར་ཡང་སོང་ཡོད། ནམ་ཟླ་དབྱར་གྱི་དུས་ཡིན་ནའང་ཆ་སྙོམས་སུ་གནམ་གཤིས་ཏུའུ་གྲངས་20℃ཙམ་ལས་མེད་པས། དྲོ་གྲང་མཉམ་ཞིང་བསིལ་འཇམ་བདེ་བའི་ཁར། ཧ་ཅང་དྲོ་ཆེ་ལ་ལུས་ཉོབ་པོར་གཏོང་བའི་སྐབས་ནི་ནམ་ཡང་མེད། དེའི་ཕྱིར་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་མང་པོ་རྒྱུན་མི་ཆད་པར་གནས་འདིར་ཕེབས་བཞིན་ཡོད།

ཟུང་ཆུའི་གནའ་མཁར་ལ་ལོ་རྒྱུ་ཅི་ཙམ་ཡོད་ཅེ་ན། ལོ་ངོ་ཉིས་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་ཡིན་ལ། དང་ཐོག་ཇ་རྟའི་ཚོང་ལམ་གྱི་ཚོང་འདུས་བྱ་ཡུལ་དམིགས་བསལ་བ་ཞིག་ཡིན་པར་བཞེད་པས། ལོ་རྒྱུས་ཀྱི་བརྗོད་པ་ཤིན་ཏུ་ཟབ། གནའ་མཁར་ནང་གི་ཁྲོམ་སྲང་རྣམས་གྲལ་དག་ཅིང་གཙང་བ་སྟེ། བོད་རིགས་དང་ཆའང་རིགས། ཧུའེ་རིགས། རྒྱ་རིགས་སོགས་མི་རིགས་སྣ་ཚོགས་ཀྱི་བཟོ་བཀོད་ཁྱད་ཆོས་སུ་བྱས་པའི་འཛུགས་བསྐྲུན་མང་པོ་བསྟར་ལ་བསྒྲིགས་པས། གནའ་ཉམས་ཆེ་ལ་དེང་རབས་ཀྱི་འཚོ་བའི་བྲོ་བའང་མ་བོར་བ་སྟེ། ཡུལ་སྐོར་པ་དག་གནའ་མཁར་གྱི་ནང་དུ་ཡང་ཡང་ཁྲོམ་ཉུལ་བྱེད་པ་དེ་གནས་ལུགས་དང་ལྡན་པ་ཞིག་ཨང་སྙམ་པའི་ཚོར་བ་བཅོས་མིན་དུ་སྐྱེ། ཡིན་ཡང་ཡིན་ཏེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་བཀོད་སྣ་ཚོགས་ལ་ལྟད་མོར་གཟིགས་ཆོག་པར་མ་ཟད། དེང་རབས་ཀྱི་འཚོ་བའི་ལྷོད་ཆ་དང་ལྡན་ལ་བོད་ལུགས་ཀྱི་ཁྱད་ཆོས་མངའ་བའི་ཁོ་ཧྥེ་ཁང་ནས་སེམས་པ་ལྷོད་ལྷོད་གནང་ཆོག

ས་སྲོད་དུ་ཐོན་པ་ན་གོང་དུ་བརྗོད་པ་བཞིན། མེ་ཏོག་གི་ཚོན་ཞུ་སྣ་ཚོགས་བསྒྲོན་པ་དང་མཉམ་དུ། ཁྱད་ཆོས་བླ་ན་འཕགས་པའི་དམངས་སྲོལ་འཁྲབ་སྟོན་སྣ་ཚོགས་ཀྱི་མགོ་འཛིན་པར་བྱེད། ས་གནས་རང་གི་མང་ཚོགས་རྣམས་ཀྱིས་རྩ་འཛུགས་བགྱིས་པའི་སྐོར་བྲོ་ཚོགས་པ་དང་ཚོན་ཞུ་བྲོ་གར་ཚོགས་པ་སོགས་གནའ་མཁར་གྱི་ཐང་ཆེན་དང་ཁྲོམ་སྲང་ཁོད་ཡངས་ས་དག་ཏུ་བྲོ་གར་ལ་རོལ་ནས་ལྟད་མོ་སྣ་ཚོགས་ཀྱི་དགའ་སྐྱིད་ཆེ་བའི་འདུ་ལོང་གིས་གནའ་མཁར་ལ་གཟི་བརྗིད་གསར་བ་ཞིག་སྟེར་བར་བྱེད།

ཤིན་ཏུ་སྙན་པའི་རོལ་དབྱངས་ཀྱི་ཁྲོད་དུ། སྐོར་བྲོ་འཁྲབ་སྟོན་གྱི་དབུ་ཚུགས་པར་བྱེད་ལ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་གོས་ལུས་ལ་བགོས་པས་ལྷག་པར་མིག་ལ་མཛེས་ཤིང་ཡིད་ཀྱི་དང་བ་འདྲེན། ཡུལ་སྐོར་པ་དག་བསྐྱོད་མཚམས་བཞག་ནས་རང་མོས་ངང་སྐོར་བྲོ་འཁྲབ་པའི་ནང་དུ་མཉམ་ཞུགས་བྱེད། དེ་ནི་ཁོང་ཅག་ལ་མཚོན་ན་ཉམས་མྱོང་གསར་བ་ཞིག་ཡིན་ལ་དགའ་སྐྱིད་གསར་བ་ཞིག་ཀྱང་ཅི་ལ་མིན།

རང་བྱུང་གི་ལྗོངས་ཁམས་ལྟ་ན་སྡུག་པ་དང་གནའ་མཁའ་གྱི་གཟི་དཔལ། མི་རིགས་ཀྱི་རིག་གནས་བཅས་མཉམ་དུ་འདྲེས་པ་དེས། སྲོལ་རྒྱུན་གྱི་ལྗོངས་གཟིགས་ཁོ་ནར་གཡེང་བའི་རྣམ་པ་ཡོངས་སུ་བཅོམ་པར་བྱས་ཡོད། ཡུལ་སྐོར་པ་དག་ཚ་བར་གཡོལ་ཆོག་ལ་ལྗོངས་ཁམས་གཟིགས་ཆོག་ཁར། བར་ཐག་མེད་པའི་སྒོ་ནས་དམངས་སྲོལ་གྱི་བྲོ་གར་སྣ་ཚོགས་ལའང་མཉམ་ཞུགས་རུང་བས། ཡུལ་སྐོར་པ་མང་པོས“མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བྲོ་གར་གྱི་ལྟད་མོ་སྣ་ཚོགས་ལ་མཉམས་ཞུགས་ཆོག་པ་འདི་ཤིན་ཏུ་དགའ་སྤྲོ་ལྡན་པ་ཞིག་རེད”ཟེར།

དྭངས་བསིལ་ཆེ་བའི་གནས་གཤིས་བཟང་པོ་དང་གནའ་མཁར་གྱི་རིག་གནས་ཟབ་མོ། དམངས་སྲོག་གྱི་རིག་གནས་བཅས་ལ་བརྟེན་ཏེ། ཟུང་ཆུའི་གནའ་མཁར་གྱི་རང་བྱུང་གི“བསིལ་འཇམ་གྱི་ཐོན་ཁུངས” དེ་ཡུལ་སྐོར་གྱི“བྲིན་ཆེ་བའི་ཐོན་ལས”སུ་བསྒྱུར་ནས་ཚ་བར་གཡོལ་བ་དང་ལྗོངས་གཟིགས་བྱེད་པ། རིག་གནས་ཉམས་སུ་མྱོང་བ་བཅས་མཉམ་འདྲེས་ཡོང་བར་བསྐུལ་ཞིང་དབྱར་དུས་ཀྱི་ལས་རྣམ་ཕུན་སུམ་ཇེ་ཚོགས་བཏང་སྟེ། ཁྲོན་ནུབ་རྒྱུད་ཀྱི་དབྱར་དུས་སུ་ཚ་གཡོལ་བྱེད་པ་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ཉམས་སུ་མྱོང་བའི་གནས་ཁྱད་པར་བ་ཞིག་ཏུ་འགྱུར་བར་བྱེད་པའོ། །
