ཟུང་ཆུ་རྫོང་གསེར་མཚོ་ཡུལ་ཚོས་བྲུག་འགོག་ཡོམ་འགོག་སོགས་ཀྱི་སྣ་འཛོམས་མཁོ་བསྟུན་འཁྲབ་སྦྱོང་སྤེལ།

སྤྱི་ཟླ་7ཚེས་8ཉིན། ཟུང་ཆུ་རྫོང་གསེར་མཚོ་ཡུལ་ཚོས་བཞི་མདོ་གྲོང་ཚོ་ཡི་ཆུ་ལོག་ལུང་པ་རུ་བྲུག་འགོག་དང་ས་གཤིས་ཀྱི་གནོད་འཚེ་སྔོན་འགོག །ཡོམ་འགོག་བཅས་སྣ་འཛོམས་རང་བཞིན་གྱི་མཁོ་བསྟུན་དངོས་འཐབ་ཀྱི་འཁྲབ་སྦྱོང་སྤེལ། འཁྲབ་སྦྱོང་དུ་མཁོ་བསྟུན་དང་ཆུ་དོན། གྲོང་ཚོའི་ལས་བྱེད་པ། མཁོ་བསྟུན་རོགས་སྐྱོབ་རུ་ཁག །མང་ཚོགས་ཀྱི་འཐུས་ཚབ་པ་སོགས་ཞུགས།

བཞི་མདོ་གྲོང་ཚོ་ཡི་ཆུ་ལོག་ལུང་པ་ཡོད་པའི་ས་ཡི་བགྲོད་ལམ་དོག་ཅིང་རི་རྣམས་ཤིན་ཏུ་གཟར་ཁར། ཆར་ཆུ་མོད་པའི་སྐབས་སུ་ལུང་ཆུ་ཆེ་སླ་བ་དང་ཆུ་འགྲམ་ཞིག་པ་དང་ས་རྡོ་འདྲིལ་བའི་ཉེན་ཁ་ཆེ་བས། དེ་ནི་གསེར་མཚོ་ཡུལ་ཚོའི་གནད་ཆེ་བའི་སྔོན་འགོག་ཚོད་འཛིན་ས་ཁོངས་ཤིག་ཡིན། འཁྲབ་སྦྱོང་དུ་ཉིན་བསྟུན་མར་ཆར་ཆུ་བབས་པའི་ཁར་ས་ཡོམ་བྱུང་བ་དང་། དེ་ལ་བརྟེན་ནས་ལུང་གཞུང་དུ་ཆུ་ལོག་རྒྱུགས་པ་དང་གཟར་ངོས་ཞུད་པ་སོགས་ཀྱི་གནས་ཚུལ་བྱུང་ཚུལ་བྱས། དེར་སྐོར་ཞིབ་ཀྱི་སྐབས་སུ་གནས་ཚུལ་ཤེས་པ་དང་། གོང་རིམ་ལ་སྙན་གསན་ཞུས་ནས་དཔྱད་ཞིབ་གནང་བ། དང་ལེན་མགོ་རྩོམ་པ། རྒྱང་བསྒྲགས་ལ་བརྟེན་ནས་སྐད་གཏོང་བ། མང་ཚོགས་གནས་སྤོར་བ། ཉེན་བརྡ་དང་མྱུར་སྐྱོབ། ཉེན་བབས་བསལ་བ་སོགས་ཀྱི་འདུས་པར་བྱས་ཡོད།

འཁྲབ་སྦྱོང་གི་ཁྲོད་དུ། ཚོ་ཆུང་དག་གི་ལས་བགོས་གསལ་ཞིང་དང་ལེན་མགྱོགས་པ་དང་། སྐོར་ཞིབ་པས་ཆེས་ཐོག་མར་མངོན་མེད་རྐྱེན་ངན་ཤེས་རྟོགས་བྱུང་བར་མ་ཟད་གོང་རིམ་ལ་སྙན་གསན་ཞུས། དེ་མ་ཐག་བཀོད་འདོམས་པུའུ་ཡིས་མགྱོགས་མྱུར་དཔྱད་ཞིབ་བྱས་ཤིང་བཀའ་བཀོད་གནང་། ལས་བྱེད་པ་ཁྱིམ་ཚང་རེ་རེ་ཡི་ཁྱིམ་དུ་སོང་ནས་བལྟས་པ་དང་རྒན་པ་རྒས་འཁོགས་དང་བྱིས་པ། འགྲོ་བསྐྱོད་མི་བདེ་བའི་མང་ཚོགས་རྣམས་ལ་རོགས་དན་བྱས་ཏེ། གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱེད་པ་རྩ་འཛུགས་བྱས་ནས་ཁྱིམ་ཚང་གཅིག་དང་མི་གཅིག་ཀྱང་ཉེན་ཁའི་གནས་སུ་ལུས་མེད་པར་འགན་སྲུང་བྱས། རོགས་སྐྱོབ་རུ་ཁག་མགྱོགས་མྱུར་ཡུལ་དངོས་སུ་ཐོན་ནས་གཟར་ངོས་ཀྱི་མངོན་མེད་རྐྱེན་ངན་ཐག་གཅོད་བྱས། སྨན་བཅོས་དང་མཁོ་སྒྲུབ། བརྟན་སྲུང་བཅས་ཚན་ཆུང་སོ་སོས་དུས་མཉམ་དུ་མཁོ་བསྟུན་མྱུར་སྐྱོབ་སྨན་བཅོས་དང་དངོས་ཟོག་འགན་སྲུང། སྒྲིག་ལམ་སྲུང་སྐྱོང་སོགས་ཀྱི་བྱ་བ་བསྒྲུབས་ཏེ། ལས་བགོས་ཡོངས་རྫོགས་འགྲུབ་པ་བྱས།ད་ཐེངས་ཀྱི་འཁྲབ་སྦྱོང་དེས་མཁོ་བསྟུན་གྱི་སྔོན་ཇུས་ལ་བརྟག་བཤེར་བྱས་པར་མ་ཟད། གྲོང་གསེབ་ཀྱི་ལས་བྱེད་པ་དག་གི་མཁོ་བསྟུན་ཐག་གཅོད་དང་མཐུན་སྦྱོར་དངོས་འཐབ་ཀྱི་ནུས་པ་ཇེ་མཐོར་བཏང་བ་དང་མང་ཚོགས་རྣམས་ཀྱི་རང་བྱུང་གི་གནོད་འཚེ་སྔོན་འགོག་དང་ཉེན་གཡོལ་བྱེད་པ། རང་སྐྱོབ་རོགས་སྐྱོབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་།
གསེར་མཚོ་ཡུལ་ཚོས་འཁྲབ་སྦྱོང་གི་ཉམས་མྱོང་ཕྱོགས་སུ་བསྡོམས་ཏེ། མི་འདང་བའི་གནས་བཙལ་ནས་མཁོ་བསྟུན་སྔོན་ཇུས་འཐུས་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་མངོན་མིན་རྐྱེན་ངན་རིམ་བཤེར་བཅོས་སྐྱོང་དང་། མཁོ་བསྟུན་ལས་སྲུང་། གནོད་འཚེ་སྔོན་འགོག་དྲིལ་བསྒྲགས་སོགས་ཀྱི་བྱ་བ་རྒྱུན་འཇགས་སུ་སྤེལ་ཏེ། གནོད་འགོག་གནོད་བསྙུང་གི་རྨང་གཞི་བརྟན་པོ་འདིང་ངེས་སོ། །
