ཁྲེང་ཏུའུ་ནས་མཛོད་དགེ་རྩྭ་ཐང་བར་ཆུ་ཚོད་2.5ཡི་ནང་སླེབས་ཐུབ་རེ་འདུག
སྤྱི་ཟླ་7ཚེས་8ཉིན། གསར་འགོད་པར་ཁྲེང་ལན་ལྕགས་ལམ་ཚད་ཡོད་འགན་འཁྲི་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་གྱི་ཧུང་ཡོན་འབབ་ཚུགས་ཀྱི་ཁང་པའི་གཙོ་གཟུགས་བདེ་བླག་ངང་ཐོག་བཀབ་ཟིན་པ་དང་། ནང་ཁུལ་མཛེས་བཟོའི་ཨར་ལས་དུས་མཚམས་སུ་སླེབས་ཡོད། ལམ་ཐིག་ཧྲིལ་པོའི་གཙོ་གཟུགས་ཐོག་བཀབ་པའི་འབབ་ཚུགས་ཐོག་མ་དེ་ཡིན་པའི་ཆ་ནས། ལམ་ཐིག་ཧྲིལ་པོ་དུས་བཀག་ལྟར་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། ཧུང་ཡོན་འབབ་ཚུགས་ཕུད་བན་ཡུ་དང་། མཛོད་དགེ། ཨ་སྐྱིད། མཚོ་ཁྱ་ཁྲེབ་སོགས་ས་མཐོའི་ས་ཚིགས་བཞིའི་འབབ་ཚུགས་རྣམས་ཀྱང་བསྐྲུན་མགྱོགས་སུ་གཏོང་བཞིན་ཡོད། སི་ཁྲོན་དུམ་བུའི་ས་ཚིགས་ཀྱི་འབབ་ཚུགས་ཚང་མ་2026ལོར་གཙོ་གཟུགས་ཀྱི་ཨར་ལས་ལེགས་འགྲུབ་ཡོང་རྒྱུ་བརྩོན་ལེན་བྱེད་པ་དང་། 2027ལོར་ཕྱོགས་ཡོངས་ནས་མཛེས་བཟོ་ལེགས་གྲུབ་ཚར་བ་བྱ་རྒྱུ་ཡིན་པ་རེད།

ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ནི་རང་རྒྱལ་གྱི་ལམ་དྲའི་འཆར་འགོད་ཁྲོད་འཕྲེད་བརྒྱད་གཞུང་བརྒྱད་ཅེས་པའི་ལན་(ཟི་)ཀོང་མྱུར་བགྲོད་ལྕགས་ལམ་གྱི་གྲུབ་ཆ་ཞིག་ཡིན་པ་དང་། ལམ་ཐིག་ཧྲིལ་པོ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་ཁྲེང་ཏུའུ་ནས་ཟི་ལིང་བར་ཆུ་ཚོད་4.5ཡས་མས་ནང་སླེབས་ཐུབ་ཀྱི་ཡོད་ཅིང་། མིག་སྔ་ལས་དུས་ཡུན་ཆུ་ཚོད་ཕྱེད་ཀ་ཙམ་གྲོན་ཆུང་ཐུབ་པ་དང་། ཁྲེང་ཏུའུ་ནས་མཛོད་དགེ་རྩྭ་ཐང་ཆེན་མོའི་བར་ཆུ་ཚོད་2.5ཡས་མས་ནང་སླེབས་ཐུབ་ཀྱི་ཡོད།

ཧུང་ཡོན་འབབ་ཚུགས་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི་3675ཡོད་པའི་ཧུང་ཡོན་རྩྭ་ཐང་དུ་གནས་པ་དང་། འབབ་ཚུགས་གཉིས་དང་ལམ་ཐིག་བཞི་བཀོད་སྒྲིག་བྱས་ཡོད། འབབ་ཚུགས་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་མ་2000ཙམ་ཟིན་པ་དང་། ཧུང་ཡོན་ནི་སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་ལྟེ་བའི་ས་ཁུལ་དུ་གནས་ཤིང་། ས་ཁོངས་ཡོངས་ཀྱི་ཆ་སྙོམས་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་3600ལས་བརྒལ་བ་དང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ལོ་ཧྲིལ་པོར་ཧྲེ་ཧྲི་ཏུའུ་30ལས་བརྒལ་གྱི་ཡོད་པས། གྲང་ངར་ཆེ་བ་དང་། རླུང་ཆེན་པོ་ལྡང་བ། དབྱང་རླུང་དཀོན་པ་བཅས་ཀྱི་ཁོར་ཡུག་ཆ་རྐྱེན་ཐོག་ཉམས་ཞན་འབྱུང་ཁམས་ཀྱི་ཚོད་འཛིན་ཐེབས་པ་བཅས་ཀྱིས་ཨར་སྐྲུན་ཐད་ཉམས་སད་སྣོན་བརྩེགས་སུ་ཐེབས་ཡོད།
ཁྲེང་ལན་ལྕགས་ལམ་ཀུང་སིའི་ཟི་ལིང་ནས་ཁྲེང་ཏུའི་ལྕགས་ལམ་བཀོད་འདོམས་པུའི་བཀོད་འདོམས་པ་དབྱིན་ཅན་ཝུན་གྱིས། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་གྱི་སི་ཁྲོན་དུམ་བུར་སྐུལ་འདེད་གཏོང་བཞིན་ཡོད། མིག་སྔར་ཕུག་ལམ་14ཁྲོད་ཕུག་ལམ་9ཏལ་འབིགས་ཐུབ་པ་དང་། ཟམ་པ་62ནང་དམིགས་བསལ་ཟམ་པ་9ཚང་མ་སྦྲེལ་མཐུད་ཐུབ་ནས་ཟམ་པ་སྤྱིའི་ཆ་ནས་ལེགས་འགྲུབ་ཐུབ་ཚད་92.4%ཟིན་པ། ལམ་གཞིའི་ལས་གྲྭ་85.6%ལེགས་གྲུབ་ཟིན་པ། རྣམ་གྲངས་འཛུགས་སྐྲུན་གྱི་སྤྱིའི་འཕེལ་རིམ་55%ལས་བརྒལ་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

