ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སེལ་ཐད་མཛུབ་སྟོན་གལ་ཆེན་གནང་བ།
ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྐབས་ནུས་ཤུགས་ཡོད་རྒུས་གནོད་སྐྱོབ་གནོད་སེལ་དང་། རྨས་མ་སྐྱོབ་བཅོས། མང་ཚོགས་བཀོད་སྒྲིག་བཅས་སྒྲིག་འཛུགས་ཡག་པོ་བྱས་ཏེ། གནོད་འགོག་གནོད་སེལ་གྱི་ལས་དོན་ཁག་ཡག་པོ་ཏན་ཏིག་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་། ལི་ཆང་གིས་མཆན་འགོད་མཛུབ་སྟོན་གནང་བ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།
ཞི་ཅིན་ཕིང་གིས། ཉེ་ཆར། ཀོང་ཞི་དང་། ཧུའུ་པེ། ཀན་སུའུ་སོགས་སུ་ཆར་པ་བབས་པ་དང་རླུང་ཆེན་ལྡང་ནས་ཆུ་མཛོད་ཀྱི་རགས་ཁ་ཤོར་བ་དང་། རི་ཉིལ་བ་སོགས་ཀྱི་གནོད་འཚེའི་གནས་ཚུལ་བསྟུད་མར་ཐོན་ཏེ། མི་སྣ་འཆི་རྨས་དང་དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་བཟོས་ཡོད་པས། གནོད་སྐྱོབ་གནོད་སེལ་དང་། རྨས་མ་སྐྱོབ་བཅོས། མང་ཚོགས་བཀོད་སྒྲིག་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲིག་འཛུགས་བྱས་ཏེ། ཚད་གཞི་ཆེ་ཤོས་ཐོག་ནས་མི་སྣ་འཆི་རྨས་ཉུང་གཏོང་དང་། གནོད་འཚེའི་གནས་ཚུལ་སླར་ཡང་མི་ཐོན་པ་བྱ་དགོས་ཞེས་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས། མིག་སྔའི་འབྲུབ་འགོག་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་གཏན་འཁེལ་བའི་བཀོད་སྒྲིག་བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་པ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། གནོད་འགོག་གནོད་སེལ་གྱི་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་བྱེད་པ། གཙང་པོ་དང་ཆུ་བོ། མཚེའུ་བཅས་དང་། ཉེན་ཁ་ཆེ་བའི་ཆུ་མཛོད། ས་གཤིས་གནོད་འཚེ་ཐོན་སླ་བའི་ཁུལ་སོགས་སུ་ཉེན་ཁ་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་པ། ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡ་དང་འཕྲལ་སྒྲུབ་རོགས་སྐྱོབ་ཀྱི་གྲ་སྒྲིག་ཤུགས་ཆེན་བྱེད་པ། གནོད་འགོག་གནོད་སེལ་གྱི་ལས་དོན་ཁག་ཡག་པོ་ཏན་ཏིག་བསྒྲུབ་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱ་དགོས་པའི་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་སྟེ། ཉེ་ཆར། གནམ་གཤིས་ངན་པ་ཡང་ཡང་བསྟན་པས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་ལས་ཁང་དང་། རྒྱལ་ཁབ་གནོད་སེལ་དང་གནོད་འཚེ་སྔོན་འགོག་གཞུང་ལས་ཁང་གིས་ས་གནས་ཁག་ནས་ཆར་ཆུ་དང་འབྲུབ་ཆུར་དོ་ཁུར་ཟབ་མོ་བྱ་རྒྱུར་མཛུབ་ཁྲིད་བྱེད་པ་དང་། གནོད་འཚེའི་གནས་ཚུལ་ལྟ་ཞིབ་ཀྱི་ཉེན་བརྡ་ཤུགས་ཆེར་གཏོང་བ། ནུས་ཤུགས་ཡོད་རྒུས་གནོད་འགོག་གནོད་སེལ་བྱེད་པ། གནོད་འཚེའི་ཉེན་ཁ་དང་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ། འབྲུབ་འགོག་གནོད་སེལ་བྱ་ཐབས་དོན་འཁྱོལ་ཞིབ་ཕྲ་བཅས་བྱས་ཏེ། གནོད་འཚེའི་གནས་ཚུལ་ཚབས་ཆེན་སླར་ཡང་མི་ཐོན་པ་བྱ་དགོས་ཞེས་བསྟན་གནང་ཡོད་པ་རེད།
