རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཐན་ཁྲང་ལ་སྒོར་ཁྲི་3000བཀོད་སྒྲིག་བྱས།
ཟླ་བ་7ཚེས་7ཉིན་གྱི་ཆུ་ཚོད་6དང་སྐར་མ་56ཙམ་ལ། ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཐན་ཁྲང་རྫོང་ནན་ཧོ་གྲོང་རྡལ་རེན་ཙང་གྲོང་ཚོར་རི་ཉིལ་བའི་གནོད་འཚེ་ཐོན་ནས། མི་33དང་འབྲེལ་བ་ཆད་ཡོད། ཟླ་7ཚེས་8ཉིན་གྱི་སྔ་དྲོའི་ཆུ་ཚོད་8པའི་བར་ཉེན་ཁའི་གནས་སུ་གྱར་བའི་མི་སྣ་ཚང་མ་འཚོལ་རྙེད་ཐུབ་ཅིང་། འཚོལ་རྙེད་ཐུབ་པའི་མི་དེ་དག་ཁྲོད། མི་5ལ་རྨས་སྐྱོན་ཕོག་མེད་པ་དང་མི་7ལ་རྨས་སྐྱོན་ཅུང་ཆུང་ཙམ་ཕོག་པ། ཁྱོན་མི་21རྐྱེན་ལམ་དུ་ཤོར་ཡོད་པ་རེད།
གནོད་འཚེ་ཐོན་རྗེས། རྒྱལ་ཁབ་ཀྱི་སྡེ་ཚན་མང་པོས་མྱུར་དུ་འཕྲལ་སྡོམ་མཉམ་འགུལ་གྱི་ལས་དོན་སྤེལ་ཞིང་། རང་བྱུང་ཐོན་ཁུངས་པུའུ་ཡིས་ཚེས་7ཉིན་གྱི་ཆུ་ཚོད་9པའི་ཐོག་ས་གཤིས་གནོད་འཚེ་སྔོན་འགོག་གི་རིམ་པ་གསུམ་པའི་(Ⅲ)འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ་མ་ཟད། ལས་དོན་ཚོགས་ཆུང་མངགས་ནས་ས་གནས་དངོས་སུ་མྱུར་སྐྱོབ་ཉེན་སེལ་དང་ཞོར་ཐོན་གནོད་འཚེ་སྔོན་འགོག་ཐད་མཛུབ་ཁྲིད་བྱས་པ་རེད། དེ་མ་ཐག་རྒྱལ་ཁབ་གནོད་འགོག་དང་གེགས་སེལ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཡོད།
དེ་དང་ཆབས་ཅིག རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་ཁྲི་3000མྱུར་དུ་བཀོད་སྒྲིག་བྱས་ཏེ། གནོད་ཕོག་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད། དེ་བཞིན་གནོད་འཚེ་ཕོག་རྗེས་ཀྱི་འཕྲལ་སྡོམ་སླར་གསོ་དང་འཛུགས་སྐྲུན་བྱེད་པར་ཆེད་མངགས་རྒྱབ་སྐྱོར་བྱས་པ་རེད།
མིག་སྔར། རིམ་ཁག་སྡེ་ཚན་ཁག་གིས་མཉམ་ཤུགས་བཏོན་ནས་གནོད་འཚེ་གྲལ་བཤེར་དང་། གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
