སྣ་དཀར་རྩེ་རྫོང་གིས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་རྟ་རྒྱུག་འགྲན་བསྡུར་སྤེལ་བ།
ཉེ་སྔོན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱིས་ལྷུན་པོ་ཞོལ་ཤང་རིག་གནས་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས(དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ཁང)དང་མཉམ་འབྲེལ་བྱས་ཏེ། “རྟ་ཐོག་རྩལ་གྱི་དཔལ་ཡོན་རིག་གནས་ལས། ཡར་འབྲོག་སྒང་གི་ཡ་རབས་སྲོལ་གསར་ངོམས”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་སྐབས་བརྒྱད་པའི་གསོ་མཁར་དཔྱིད་གྲོལ་རྟ་རྒྱུག་དང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་རྟ་རྒྱུག་འགྲན་བསྡུར་བྱ་འགུལ་སྤེལ་བ་རེད།
“རྟ་རྒྱུག་འགྲན་བསྡུར་ནི་མཐོ་སྒང་གི་བུ་དང་བུ་མོའི་སེམས་གཏིང་གི་དགའ་བ་ཞིག་ཡིན་ལ། ད་སྐབས་གྲོང་གསེབ་འཕེལ་རྒྱས་ལ་ཉིན་རེ་བཞིན་རྣམ་པ་གསར་བ་མངོན་པ་དང་དམངས་སྲོལ་བྱ་འགུལ་སྔར་ལས་ཚད་ལྡན་དང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་པས། དུས་རབས་གསར་བའི་ན་གཞོན་ཞིག་ཡིན་པའི་ཆ་ནས་ང་ཚོས་སྲོལ་རྒྱུན་གྱི་རྟ་རྩལ་རིག་གནས་རྒྱུན་འཛིན་བྱས་ནས་དཔལ་ཡོན་གྱི་དར་སྲོལ་གསར་བ་ལག་ལེན་དང་དྲང་ཕྱོགས་ནུས་པ་བརྒྱུད་སྒྲོག་བྱེད་དགོས”ཞེས་རྟ་རྩལ་པ་ཚེ་རིང་གིས་བཤད།

པར་འདི་ནི་སྐྱ་རྩལ་ངོམས་པའི་རྣམ་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱིས་སྲོལ་རྒྱུན་རྟ་རྒྱུག་འགྲན་བསྡུར་གྱི་སྣ་གཅིག་རྩལ་འགྲན་བྱེད་སྟངས་གཏོར་བ་དང་། ལོ་ངོ་སྟོང་ཕྲག་གི་རྟ་རྒྱུག་འགྲན་བསྡུར་གྱི་དམངས་སྲོལ་ལྟེ་བ་བྱས་ནས་གཞུང་ལུགས་སྲིད་ཇུས་སྒྲོག་འགྲེལ་དང་ཁྱད་ལྡན་རིག་རྩལ་འགྲེམ་འཁྲབ། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དམངས་སྲོལ་འགྲེམ་སྟོན། དཔལ་ཡོན་གྱི་ཡ་རབས་སྲོལ་གསར་བརྒྱུད་སྒྲོག་སོགས་ནང་དོན་མང་བོ་མཉམ་འདྲེས་བྱས་ཏེ། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་གྱི་གཡུལ་ས་རྩྭ་ཐང་གི་འཐབ་ས་དང་པོ་དང་མང་ཚོགས་ཀྱི་ཉེ་འགྲམ་དུ་སྤོས་ནས། སྲོལ་རྒྱུན་དམངས་སྲོལ་གྱི་གསོལ་སྟོན་གཟབ་རྒྱས་དེ་ཏང་གི་སྲིད་ཇུས་སྒྲོག་འགྲེལ་དང་དཔལ་ཡོན་འདུ་ཤེས་བརྒྱུད་སྒྲོག རྒྱལ་ཁབ་དང་ཁྱིམ་ཚང་ལ་དགའ་ཞེན་གྱི་བརྩེ་བ་གཏིང་ཟབ། ལས་བྱེད་མང་ཚོགས་ཀྱི་སྡོམ་ཤུགས་གོང་བུར་སྒྲིལ་བའི་ལས་སྟེགས་གསར་བ་ཞིག་ཏུ་གྱུར་ཡོད།
“རྟ་རྒྱུག་འགྲན་བསྡུར་ནི་ང་ཚོའི་རྩྭ་ཐང་གི་ཆེས་གཟབ་རྒྱས་ཀྱི་གསོལ་སྟོན་ཞིག་ཡིན་ལ། ད་ལོའི་བྱ་འགུལ་ལ་སྲོལ་རྒྱུན་གྱི་བྲོ་བ་ལྡན་པ་མ་ཟད། དུས་རབས་གསར་བའི་རྣམ་པ་གསར་བའང་ཡོད། ལྟད་མོ་ཆེ་བའི་རྟ་རྒྱུག་འགྲན་བསྡུར་དང་ལེ་ཚན་འཁྲབ་སྟོན་ལ་ལྟ་ཐུབ་པ་དང་། ད་རུང་ཁྱིམ་གྱི་སྒོ་རྩར་སྲིད་ཇུས་སློབ་སྦྱོང་བྱས་ནས་ཤེས་རྒྱ་ཆེ་རུ་གཏོང་ཐུབ་པས། དངོས་གནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་བ་དང་འདི་ལྟ་བུའི་བྱ་འགུལ་ལ་ང་ཚོར་དགའ་བ་ཆེན་པོ་ཡོད”ཅེས་ལྟད་མོ་བ་གྲོང་མི་མཚོ་མོ་ཡིས་བཤད།
རྗེས་མར། སྣ་དཀར་རྩེ་རྫོང་གིས་རང་ཡུལ་གྱི་ཁྱད་ལྡན་རིག་གནས་ཐོན་ཁུངས་རྒྱུན་མཐུད་སྔོག་འདོན་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་སྲོལ་རྒྱུན་གྱི་དམངས་སྲོལ་བྱ་འགུལ་དང་མི་རིགས་ཀྱི་ལུས་རྩལ་འགྲན་བསྡུར། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་བཅས་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་སྟེ། མི་སེམས་ལ་དྲོད་ཁོལ་སྦྱིན་པ་དང་མི་ཚོགས་འདུ་བ། ཁྱད་ཆོས་ལྡན་པའི་དཔལ་ཡོན་ལག་ལེན་གྱི་ཚོང་རྟགས་མུ་མཐུད་གཏོད་དགོས། །
