ཟུང་ཆུ་རྫོང་གིས“གནའ་མཁར་གྱི་རྣམ་པ་གསར་པ་སྟེ། དཔལ་ཡོན་ཁྱོད་དང་ང་ཡིས་བརྩི“ཞེས་པའི་བརྗོད་དོན་གཙོ་བོའི་སྒྲོག་སློབ་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
ཟུང་ཆུ་རྫོང་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་གསར་འགོད་པ་ཚུལ་ཁྲིམས་རྡོ་རྗེ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༧ ཚེས་ ༧

སྤྱི་ཟླ་7ཚེས་3ཉིན། ཟུང་ཆུ་རྫོང་གིས་ཅིན་ཨན་གྲོང་རྡལ་གྱི་ཟུང་ཆུའི་གནའ་མཁར་དུ “གནའ་མཁར་གྱི་རྣམ་པ་གསར་པ་སྟེ། དཔལ་ཡོན་ཁྱོད་དང་ང་ཡིས་བརྩི“ཞེས་པ་བརྗོད་དོན་གཙོ་བོར་བཟུང་བའི་སྒྲོག་སློབ་བྱེད་སྒོ་སྤེལ། ས་གནས་དེ་གའི་ཚོང་ཁང་གི་བདག་པོ་དང་སྡེ་ཁུལ་གྱི་མང་ཚོགས་རྣམས་བྱེད་སྒོར་ཞུགས་ཡོད། བྱེད་སྒོ་དེ་རིག་རྩལ་གྱི་སྒྲོག་འགྲེལ་དང་། སྲིད་ཇུས་འགྲེལ་བཤད། ཁྲིམས་སྒྲོག་ཉེན་བརྡ། ཡུལ་དངོས་ནས་གན་ཆིངས་འགོད་པ་སོགས་ལ་བརྟེན་ནས། ཚོང་གཉེར་བདག་པོས་ཚོང་གཉེར་ཚད་ལྡན་བྱེད་པ་དང་། བསམ་པ་རྣམ་དག་གིས་མགྲོན་པོར་སྣེ་ལེན་བྱེད་པར་ཁྲིད་སྟོན་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་ཟོང་རྟགས་བཟང་པོ་བསྐྲུན་པར་རོགས་རམ་བྱས།

བྱེད་སྒོ་དེ་རིག་རྩལ་སྒྲོག་འགྲེལ་གྱི་ཐོག་ནས་འགོ་བཟུང་སྟེ། ཅིན་ཨན་གྲོང་རྡལ་གྱི“རྐུབ་སྟེགས་ཆུང་ཆུང་”སྒྲོག་འགྲེལ་རུ་ཁག་གིས་དུས་ཚོད་ཐུང་ངུའི་རིང་གི་འཁྲབ་སྟོན་ལ་བརྟེན་ནས་རིན་གོང་གསལ་འགོད་དང་སྒོ་དྲུང་གི་འགན་ལེན་བཞི། ལམ་གཞུང་བཅད་ནས་ཚོང་གཉེར་བྱེད་པ་གཏན་འགོག་སོགས་ཀྱི་ཚད་གཞི་གསོན་ཉམས་དོད་པོས་གསལ་འགྲེལ་བྱས། ཡུལ་དངོས་རང་ནས་དམངས་ཡོངས་གྲོང་ཁྱེར་དོ་དམ་ནང་ཞུགས་པའི་གྲོས་ཡིག་སྒྲོག་སྦྱངས་བྱས་ནས་ཚོང་གཉེར་བདག་པོ་དང་གྲོང་མི་རྣམས་ཀྱིས་རང་མོས་ངང་དོ་དམ་སྲུང་སྐྱོང་གི་འགན་འཁྲི་འཁུར་བ་དང་གཉེར་སྐྱོང་གི་ཚད་གཞིར་རང་རྟོགས་ཀྱིས་བརྩི་བསྲུང་བྱེད་པར་བསྐུལ།

ཟུང་ཆུ་རྫོང་གི་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་རིམ་པ་བཞིན་ཆེད་དོན་སྒྲོག་འགྲེལ་བྱས་པ་སྟེ། ཡིད་རྟོན་གཉེར་སྐྱོང་དང་། རིན་གོང་གསལ་འགོད། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་སོགས་ལ་དམིགས་ནས་གསལ་འགྲེལ་བྱས་ཤིང་མ་མཐའི་མཚམས་ཐིག་ནན་པོར་བསྲུངས་ནས་མགྲོན་པོར་མགོ་གཡོག་དང་བརྙས་བཅོས་སོགས་ཀྱི་བྱ་བ་གཏན་འགོག་བྱེད་པ་ནན་བཤད་བྱས། སྒོ་དྲུང་གི་འགན་ལེན་བཞི་དང་། ཕྱི་ངོས་སྲུང་སྐྱོང་། ཕྱི་རོལ་གྱི་བརྡ་ཁྱབ་བཀོད་སྒྲིག་སོགས་ཀྱི་ཉམས་འགྱུར་དོ་དམ་ཚོད་འཛིན་གྱི་ཚད་གཞི་སོགས་ཀྱང་བཤད། དེ་མིན་ས་གནས་རང་གི་སྒྲིག་འགལ་དཔེ་བརྗོད་དུ་དྲངས་ནས་ཉེན་བརྡའི་སློབ་གསོ་སྤེལ་ཏེ། ལག་ཁྱེར་མེད་པར་ཚོང་གཉེར་བྱེད་པ་དང་། ལམ་གཞུང་བཅད་ནས་ཚོང་གཉེར་བྱེད་པ། གང་འདོད་དུ་གུར་ཕུབ་པ་དང་ཁང་པ་བསྐྲུན་པ་སོགས་ཀྱི་བཅའ་ཁྲིམས་ཀྱི་མཇུག་འབྲས་འགྲེལ་བཤད་ཁ་གསལ་བྱས། གནའ་མཁར་གྱི་རིག་གནས་ཡུལ་སྐོར་གྱི་ད་ལྟའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། འགྲུལ་ཚད་གཉེར་སྐྱོང་དང་། ལས་རྣམ་གསོ་སྐྱོང་། ཞབས་ཞུ་རིམ་སྤར་སོགས་གཉེར་སྐྱོང་ཐབས་རྩལ་བགོས་རོལ་བྱས་ནས་ཚོང་གཉེར་པ་དག་གིས་ཚོང་གཉེར་གྱི་ཐབས་ཤེས་ཇེ་ལེགས་སུ་གཏོང་བར་ཁྲིད་སྟོན་བྱས་ཏེ། སྤུས་ཚད་ཇེ་མཐོར་སོང་བ་དང་མཉམ་དུ་ཡོང་འབབ་ཀྱང་ཇེ་མཐོར་འགྲོ་བ་མངོན་འགྱུར་བྱེད་པར་བསྐུལ།

སྒྲོག་འགྲེལ་བྱས་པའི་རྗེས་སུ། ཡུལ་དངོས་རང་ནས་དོགས་གནད་ལ་ལན་འདེབས་པ་བཀོད་སྒྲིག་བྱས། ཚོང་གཉེར་པ་དག་གིས་སྒོ་དྲུང་གི་འགན་ལེན་བཞི་དང་། འཕྲོད་བསྟེན་བཅོས་སྒྲིག །སྒྲིག་འགལ་ཚོང་བཤམ་སོགས་ཀྱི་གནད་དོན་ལ་དྲིས་པའི་དྲི་བར་གསལ་བཤད་གསལ་པོ་བྱས། ཚོང་གཉེར་པའི་འཐུས་ཚབ་པ་དག་གིས་བརྗོད་གཙོའི་ཁས་ལེན་གྱི་འཕྲེད་སྦྱར་ཡི་གེ་ལ་མིང་རྟགས་བཀོད་དེ། ཡ་རབས་ཚུལ་མཐུན་ངང་ཚོང་གཉེར་བྱེད་པ་དང་ཁ་དན་ཚིག་གནས་ཀྱིས་མགྲོན་པོར་སྣེ་ལེན་བྱེད་པའི་དམ་བཅའ་བཞག །ཚོང་གཉེར་པའི་འཐུས་ཚབ་དག་གིས“སྒྲོག་འགྲེལ་གྱི་ནང་དོན་ནི་སྤྱོད་གོ་ཆོད་པ་ཞིག་རེད། སླད་ཕྱིན་ཚད་གཞིར་བརྩི་སྲུང་ནན་མོ་བྱས་ནས་གནའ་མཁར་གྱི་གཟུགས་བརྙན་སྲུང་སྐྱོང་གང་ལེགས་བྱེད་དགོས”ཟེར། འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་པས་བརྗོད་དོན། མ་འོངས་པར་མུ་མཐུད་དུ་དཔལ་ཡོན་ལྡན་པའི་ཚོང་གཉེར་བྱ་སྟངས་སྐོར་གྱི་སྒྲོག་སློབ་རྒྱུན་རྣམ་ཅན་དུ་སྤེལ་ཏེ། ཚོང་གཉེར་གྱི་ཁོར་ཡུག་ཇེ་ལེགས་བཏང་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར་ཏོ། །