ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་འདིར་ལན་ཆ་ཆེན་པོ་བྱུང་འདུག
ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལན་ཆ་ཆེན་པོ་བྱུང་བ།
ཐོག་མའི་བསམ་འདུན་བྲག་ལྟར་བརྟན། འགན་འཁྲི་དཔལ་འབར་བཞིན་དུ་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་མི་དམངས་དུང་ཕྱུར་མང་པོས་རྒྱང་ལམ་གསར་པར་འབད་པས་མདུན་བསྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་མཛད་ཡོད། ཚང་མས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་དང་། སེམས་ཤུགས་བརྟན་གཏོང་དང་མུ་མཐུད་འབད་འཐབ་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་བསྩལ་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བས། ས་གནས་ས་ཐོག་ཏུ་ཡོད་པའི་མི་རྣམས་སེམས་འགུལ་ཚད་མེད་ཐེབས་པ་དང་སྟོབས་ཤུགས་ཀྱིས་ཁེངས་པར་གྱུར་ཡོད།
“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཝུའུ་ཡ་ཆིན་གྱིས། དེ་རིང་དངོས་གནས་ང་རང་དགའ་སྤྲོས་རབ་ཏུ་མྱོས་ཤིང་སེམས་ཤུགས་ལྡབ་བརྒྱ་འཕེལ་སོང་། “བདུན་གཅིག་བྱས་རྗེས་གཟེངས་རྟགས”ནི་གཟི་བརྗིད་ཡིན་ལ་འགན་འཁྲི་དང་ལས་འགན་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅིས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རང་འགུལ་ངང་ལག་ལེན་བསྟར་བ་དང་། བློ་ཐག་རྦད་བཅད་ཀྱིས་མི་དམངས་དང་མཉམ་དུ་ལངས་པ་དང་། མཉམ་དུ་བསམ་བློ་གཏོང་བ། མཉམ་དུ་ལས་སྒྲུབ་བཅས་བྱེད་དགོས་ཞེས་གསུངས་པ་དེས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བྱུང་། ང་ཚོས་ངེས་པར་དུ་གཞི་རིམ་དུ་གཞི་རྐང་ཚུགས་ནས་འུར་སྒྲོག་མི་བྱེད་པ་དང་རྫུན་གཏམ་མི་ཤོད་པ། དོན་དངོས་སྒྲུབ་པ། གྲོང་མི་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་དོན་དག་སྒྲུབ་ཀྱི་ཡིན་ཞེས་གསུངས་པ་རེད།
“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཀྲུང་ཅུའེ་ཡིས། དེ་རིང་ནི་ངའི་མི་ཚེའི་ནང་བརྗེད་པར་དཀའ་བའི་ཉིན་མོ་ཞིག་ཡིན་སྲིད། ཏང་གི་འགོ་ཁྲིད་འོག་ང་ཚོའི་རྒྱལ་ཁབ་ལ་གྲུབ་འབྲས་ཆེན་པོ་འདི་འདྲ་ཐོབ་པ་མཐོང་སྐབས། སེམས་ཤུགས་ལྡབ་བརྒྱ་འཕེལ་བ་དང་། རྒྱལ་གཅེས་ཀྱི་བསམ་པ་སྔར་བས་ཆེ་རུ་ཕྱིན་པ། བརྩེ་བ་དེར་བརྟེན་ནས་ང་ཚོའི་རྒྱལ་ཁབ་འཛུགས་སྐྲུན་བྱས་ཏེ། རང་རྒྱལ་འདི་ཉིད་འཛམ་གླིང་གི་ཡང་རྩེར་འཛེགས་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ལི་ལན་ཁྲེང་གིས། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ལ་མང་ཚོགས་ཡོད་པ་དང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་དང་ཞིང་པར་ཐུགས་ཁུར་གནང་བཞིན་ཡོད། བྱས་རྗེས་གཟེངས་རྟགས་འདི་ང་མི་སྒེར་གྱི་མིན། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས། ང་རང་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཐད་སྣེ་ཁྲིད་ཡག་པོ་བྱེད་པ་དང་། ལས་དོན་རེ་རེ་བཞིན་ཡག་པོ་སྒྲུབ་ནས། གྲོང་མི་ཚོར་ཐོབ་ཚོར་དང་སྐྱིད་ཚོར་དེ་བས་མང་བ་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཧེ་ལུང་ཅང་གི་མོ་ཧོ་ནས་ཧའེ་ནན་གྱི་སན་ཧྲ་བར་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཕྱོགས་དང་པོ་ནས་བསྒྱུར་བཅོས་སྒོ་དབྱེའི་མདུན་གྲལ་བར། མི་རྣམས་ནས་ཚོགས་ཆེན་གྱི་གནས་ཚུལ་གཟབ་རྒྱས་ལ་ནན་ཏན་ངང་གསན་གཟིགས་གནང་ཡོད། ལོ་ངོ་105ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་འབད་འཐབ་ལྷོད་མེད་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཐོག་གི་བརྗིད་ཆེའི་ལོ་རྒྱུས་སྙན་ངག་བརྩམས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། ཀྲུང་གོ་གུང་ཁྲན་ཏང་གིས་འོད་སྟོང་འཕྲོ་བའི་ཕུལ་བྱུང་གི་ཁྱད་གཤིས་ཟམ་མི་ཆད་པར་གཏོད་ཐུབ་པའི་རྒྱུ་མཚན་གསལ་སྟོན་གཏིང་ཟབ་བྱས་ཡོད་ཅིང་། ཏང་ཡོངས་ལ་ནུས་ཤུགས་ཡོད་རྒུས་ལོ་རྒྱུས་ཀྱི་འོད་སྟོང་གསར་པ་འབད་པས་གཏོད་དགོས་པའི་རླབས་ཆེའི་འབོད་སྐུལ་གནང་ཡོད།
ཨན་ཧུའེ་ཞིང་ཆེན་མ་ཨན་ཧྲན་གྲོང་ཁྱེར་ཧྭ་ཧྲན་ཆུས་ཅང་ཏུང་ཁྲོམ་གཞུང་སྤྱི་ཚོགས་བཅོས་སྐྱོང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་པེན་ཞའོ་ཡུན་གྱིས། ཏང་མ་བཙུགས་གོང་ལ་ཕྱིར་དྲན་བྱེད་སྐབས། བཙན་དབང་རྒྱལ་ཁབ་ཀྱིས་བཙན་འཛུལ་བྱས་པ་དང་སྤྱི་ཚོགས་ཟང་ཟིང་གི་གནས་སུ་ལྷུངས་ཡོད། ལོ་ངོ་105ཡི་རིང་། རང་རེའི་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་འོད་ཟེར་སྟོང་ལྡན་གྱི་ལམ་བུའི་ཐོག་བདེ་བླག་ངང་སྐྱོད་ཐུབ་པ་བྱུང་ཡོད་ཅིང་། ང་ཚོ་ཡར་ལངས་པ་ནས་ཕྱུག་པོར་འགྱུར་བ་དང་། དེ་ནས་སྟོབས་ཆེར་འགྱུར་བའི་རླབས་ཆེའི་མཆོང་སྐྱོད་ཀྱི་གོང་འཕེལ་བྱུང་ཡོད། ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ངེས་ཡིན་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།
ཧྥུ་ཅན་ཞིང་ཆེན་ཉིང་ཏེ་གྲོང་ཁྱེར་ཤ་ཏང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡེ་ཤིན་གྱིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་ཉན་པ་དང་། དེ་ནས་ད་ལྟའི་ཤ་ཏང་གི་སྔོ་ལྗང་རི་ཆུ་ལ་བལྟས་ཚེ་སེམས་ནང་བཀའ་དྲིན་ཚོར་གྱིན་འདུག ཤ་ཏང་ཤང་དེ་ཡང་སྔོན་ཆད་ཤིན་ཏུ་དབུལ་བའི་ཤང་ཞིག་ནས་ད་ཆ་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་ཤང་གྲོང་ཞིག་ཏུ་གྱུར་བ་དེ་ནི་ཏག་ཏག་ཏང་གིས་ང་ཚོའི་སྣེ་ཁྲིད་དེ་ཆུ་ཐིགས་བྲག་འབིགས་ལྟ་བུའི་དཀའ་སྤྱད་སྡུག་རུས་དང་ཡུན་རིང་བྱས་རྗེས་བཞག་པའི་དཔང་རྟགས་ཡག་ཤོས་ཤིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས། ཐོན་ལས་འབབ་འཕར་དང་། མི་སྡོད་ཁོར་ཡུག་ལེགས་བཅོས། དམངས་ཕན་ཞབས་ཞུ་བཅས་ཀྱི་དོན་དག་དེ་ཚོ་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད།
ལྷ་ཉིང་ལྕགས་ལམ་ཤུགས་འགྲེམས་མེ་འཁོར་གྱི་ཁ་ལོ་བ་ཚེ་བརྟན་བཀྲ་ཤིས་ཀྱིས། ཚོགས་ཆེན་ལ་བལྟས་རྗེས། ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཏང་གི་འགོ་ཁྲིད་འོག གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་བསྐྱར་དར་རྟགས་ཅན་ཡང་ས་མཐོར་འགྲུལ་བཞུད་ཐུབ་པས། ཞིང་འབྲོག་མང་ཚོགས་ཀྱི་འགྲོ་སྐྱོད་དང་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བྱེད་པ་སྔར་བས་སྟབས་བདེར་ཕྱིན་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། རང་འཁྲིའི་ལས་གནས་སུ་རྩ་བ་ཚུགས་ཏེ། བོད་ལྗོངས་ཀྱི་གོང་འཕེལ་དང་ཕ་ཡུལ་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ཆེད་དུ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།
དེ་རིང་། ལོ་ངོ་105ཡི་བརྗིད་ཆེའི་ལོ་རྒྱུས་བརྒྱུད་རིམ་བརྒྱུད་ཟིན་པའི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པའི་ཐོག་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད། ཚང་མས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་བཅས་ཀྱིས། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་རྒྱུན་ཆད་མེད་པར་འཇོག་རྒྱུ་ཡིན་ཞེས་གསུངས་པ་རེད།
“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཐོབ་མཁན་ཐ་པ་རེ་ཁེ·ཨའེ་ཁེ་པེའར་གྱིས། 2022ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ང་ཚོའི་གྲོང་གསར་ཤིས་མོན་གྲོང་ཚོར་ཕེབས་ཡོད། དེ་རིང་ཡང་ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྒྱུ་བྱུང་བས། ང་རང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་། རྒྱང་ལམ་གསར་པའི་ཐོག་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་མི་དམངས་ཁྲོད་དུ་རྩ་བ་བརྟན་ཚུགས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རྨང་གཞི་བརྟན་པོ་ལྡན་པའི་ཕུལ་བྱུང་ཁྱད་གཤིས་རྒྱུན་ཆད་མེད་པར་དར་སྤེལ་གཏོང་བ་དང་། ཡུལ་མི་ཚོའི་ཡོང་འབབ་སྔར་བས་མང་ཞིང་གདིང་ཤུགས་སྔར་ལས་ཆེ་བ་དང་ལྡན་པར་བྱེད་དགོས། ཏང་གི་སྲིད་ཇུས་བཟང་པོ་ཡོད་ཅིང་། ཚང་མས་མཐུན་སྒྲིལ་འབད་འཐབ་བྱས་ན། བདེ་སྐྱིད་ཀྱི་འཚོ་བ་དེ་ལོ་རེ་ནས་ལོ་རེ་བཞིན་ཇེ་ལེགས་ཇེ་བཟང་དུ་འགྲོ་ངེས་ཡིན་ཞེས་གསུངས་པ་རེད།
“ཕུལ་བྱུང་གཉིས་དང་སྔོན་གཅིག”གི་གཟེངས་བསྟོད་ཐོབ་མཁན་ཕན་ཐུང་གིས། གཟེངས་བསྟོད་ནི་གཟི་བརྗིད་མཚན་སྙན་ཆེ་མོ་ཞིག་ཡིན་པས་མ་ཚད། དེ་བས་རྒྱང་ལམ་གསར་པར་འབད་པས་བསྐྱོད་པའི་འགོ་འཛུགས་ས་གསར་རྐྱང་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ཏེ། ཏང་གི་ཕུལ་བྱུང་ཁྱད་གཤིས་རྒྱུན་ཆད་མེད་པར་དར་སྤེལ་གཏོང་དགོས་པའི་བླང་བྱ་བཏོན་གནང་ཡོད། ང་རང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་མུ་མཐུད་སློབ་སྦྱོང་ཞིབ་ཚགས་དང་གོ་བ་གཏིང་ཟབ་ལེན་པ་དང་། ཕུལ་བྱུང་གི་ཁྱད་གཤིས་ཆེན་པོ་དྲུག་ལྟར་རང་གི་གཏམ་སྤྱོད་དག་བཅོས་བྱས་ནས། ས་མཐོའི་ས་གཤིས་རྩད་ཞིབ་ལས་གནས་ལ་གཞི་ཚུགས་ཐོག དངོས་སྒྲུབ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཐོན་ཁུངས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་ཚན་རྩལ་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིང་ཀང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་གི་ཀྲུང་གོའི་མི་དམངས་ཀྱིས་ལས་དབང་རང་ཉིད་ཀྱི་ལག་ཏུ་བརྟན་པོར་བཟུང་ནས། རང་གིས་རང་ལ་ཡིད་ཆེས་དང་། རང་མགོ་རང་ཐོན། རང་སྟོབས་རང་སྤེལ་བཅས་ཀྱི་སྒོ་ནས་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད་ཅེས་བསྟན་གནང་ཡོད། ང་ཚོས་“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་གསར་གཏོད་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཐོན་ཁུངས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུན་མཐུད་ངང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བཅས་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་འཛུགས་སྐྱོང་བྱེད་དགོས་ཞེས་གསུངས་ཡོད།
ཧྲེ་ཙེ་དབྱང་བགྲོད་ལམ་རྣམ་གྲངས་འཛུགས་སྐྲུན་བཀོད་འདོམས་པུའི་ཡུལ་དངོས་ཀྱི་འགན་འཁུར་བ་ལི་ཅན་གྱིས། ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རང་རྒྱལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ལ་གོང་འཕེལ་མྱུར་པོ་བྱུང་བ་དང་། ང་ཚོ་ནི་གོང་འཕེལ་གྱི་འཕེལ་རིམ་རླབས་པོ་ཆེ་དེར་བདེན་དཔང་བྱེད་མཁན་ཞིག་ཡིན་ལ། དེ་བས་འཛུགས་སྐྲུན་བྱེད་མཁན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོས་རྒྱང་ལམ་གསར་པར་འབད་པས་བསྐྱོད་དེ། དུས་རབས་པར་བྱས་རྗེས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད། ད་ཆ། ང་ཚོས་ཁུག་པ་ཆེན་མོའི་ཁུལ་གྱི་རིམ་འདས་ལས་གྲྭ་གཞན་ཞིག་སྟེ། ཧྲེ་ཙེ་དབྱང་བགྲོད་ལམ་གྱི་འཛུགས་སྐྲུན་ནང་ཞུགས་པ་ཡིན། ང་ཚོ་འཛུགས་སྐྲུན་པ་ཡོངས་ཀྱིས་དུས་བཀག་ལྟར་འཛུགས་སྐྲུན་གྱི་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱེད་པ་དང་། འགྲིམ་འགྲུལ་གྱི“མཁྲེགས་ཆས་སྦྲེལ་མཐུད”ལ་བརྟེན་ནས། ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་དེ་འཛམ་གླིང་གི་རྩེར་སོན་ཁུག་པ་ཆེན་མོའི་ཁུལ་ཞིག་ཏུ་འགྱུར་རྒྱུར་སྒུལ་ཤུགས་ཆེན་པོ་སྣོན་གྱི་ཡིན་ཞེས་གསུངས་པ་རེད།
པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ཀྲུང་ཚང་སྲང་ལམ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཡུས་ཙེ་དབྱང་གིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་འཇོན་དོན་གྱི་གནད་འགག་གཙོ་བོ་དེར་གསལ་འགྲེལ་གཏིང་ཟབ་གནང་ཡོད་པ་དང་། ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། པེ་ཅིང་གྲོང་ཁྱེར་གྱི་ལྟེ་བ་ཕལ་པ་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་དང་ཏང་འཛུགས་ཀྱིས་གཞི་རིམ་གྱི་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་དོན་དངོས་ལག་ལེན་ཁྲོད། རང་རེའི་ཏང་གི་འགྲན་ཟླ་བྲལ་བའི་ཕུལ་བྱུང་གི་ཁྱད་གཤིས་སྔར་བས་དར་སྤེལ་དང་ལག་ལེན་བསྟར་ནས། མང་ཚོགས་ཉེ་འགྲམ་གྱི་ཁ་ཚ་དགོས་གཏུག་དང་། དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
