ལོ་ངོ་བརྒྱ་ཡི་གསར་བརྗེའི་ཁྲག་རྒྱུན་འཛིན། དངོས་དོན་འབད་པས་གཉེར་བའི་སྟོབས་ཤུགས་བསྡུ།——ཟུང་ཆུ་རྫོང་གིས་འགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ནས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་ལ་མཉམ་གཅིག་ཏུ་བལྟས།

སྤྱི་ཟླ་7ཚེས་1ཉིན། ཟུང་ཆུ་རྫོང་གིས་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ནས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་ལ་མཉམ་གཅིག་ཏུ་བལྟས་པ་དང་། ནང་དུ་ཞུགས་པ་ལྟ་བུ་དང་ཉམས་སུ་མྱོང་བ་ལྟ་བུའི་སློབ་སྦྱོང་ལ་བརྟེན་ནས་ལོ་ངོ་བརྒྱ་ལྷག་གི་འོད་སྟོང་འབར་བའི་རྒྱང་བསྐྱོད་ཀྱི་ལམ་བུར་ཕྱིར་མིག་འཕངས་ནས་རྫོང་ཁོངས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་བྱ་བར་མཉམ་ཤུགས་སྟོབས་ཆེན་པོ་བསྡུས།

ཚོགས་ཆེན་ཏུ་བརྗིད་ཉམས་ལྡན་པའི“བདུན་གཅིག་མཛད་རྗེས་གཟེངས་རྟགས”འབུལ་བའི་མཛད་སྒོ་འཚོགས་ཏེ། ཏང་དང་མི་དམངས་ལ་མཛད་རྗེས་བཞག་པ་དང་། ཀུན་སྤྱོད་བླ་ན་འཕགས་པ། ལག་ལེན་དངོས་ལ་བརྟེན་ནས་མི་སེམས་བསྒུལ་བའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཁག་གཅིག་ལ་གཟེངས་བསྟོད་བྱས་པ་རེད། ཏང་ནང་ཁུལ་གྱི་གཟི་བརྗིད་མཚན་སྙན་ཆེ་ཤོས་ཤིག་ཡིན་པའི་ངོས་ནས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ལ་བསམ་པ་རྣམ་དག་གཅིག་ཏུ་འདུས་པ་དང་ཐོག་མའི་བསམ་འདུན་གཅིག་ཏུ་མངོན་ཡོད། མི་རབས་ནས་མི་རབས་བར་མཛད་རྗེས་བཞག་པའི་དཔེ་བཟང་མི་སྣ་དག་གིས་ལས་རྐང་སོ་སོར་གཞི་བཙུགས་ནས་ཁ་རོག་གེར་འབད་བརྩོན་བྱས་ཏེ། ཡུན་རིང་གི་བརྟན་སྲུང་ལ་བརྟེན་ནས་གྲུབ་འབྲས་སྤྱིར་བཏང་མ་ཡིན་པ་ལེན་བཞིན་ཡོད་པ་དང་ཚེ་གང་པོར་ཏང་ནང་ཞུགས་པའི་དམ་བཅའ་ལག་ཏུ་བསྟར་བཞིན་ཡོད། གུང་ཁྲན་ཏང་མིའི་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་། ལག་ལེན་དངོས་ཀྱིས་བྱ་བ་དངོས་སྒྲུབ་པ། ཐོག་མའི་བསམ་འདུན་མི་བསྒྱུར་བ་བཅས་ཀྱི་ནང་སེམས་ཀྱི་རང་བཞིན་བཟང་པོ་གཏིང་ཟབ་མོར་མངོན་ཏེ། དེ་དག་ནི་ཏང་ཡོན་ཡོངས་ཀྱིས་སློབ་སྦྱོང་བྱེད་པ་དང་མིག་དཔེ་ལེན་པའི་ཚད་ཤིང་ཡིན།

ཐད་གཏོང་ལ་ལྟ་བའི་སྐབས་སུ། དེ་གར་ཡོད་པའི་ལས་བྱེད་པ་དག་གི་འདུག་སྟངས་དྲང་པོ་དང་སེམས་པ་རྣལ་དུ་ཕབ་ནས་བལྟས་ཡོད་དེ། སློབ་སྦྱོང་གི་ཞོར་དུ་ཟིན་བྲིས་ཀྱང་འགོད་བཞིན་ཡོད། ནང་དུ་ཞུགས་པ་ལྟ་བུའི་སློབ་སྦྱོང་གི་ཁྲོད་ནས་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རིང་གི་བརྗིད་ཉམས་ལྡན་པའི་འབད་འཐབ་ཀྱི་ལམ་བུ་དང་གཡུར་དུ་ཟ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་མཛད་རྗེས་བཞག་པའི་ཏང་ཡོན་གྱིས་དམངས་དོན་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་ལས་གནས་ལ་གཞི་རྐང་བཙུགས་ནས་འགན་འཁྲི་སྒྲུབ་པ། རང་ཉིད་བརྗེད་ནས་ལེགས་སྐྱེས་གཞན་ལ་འབུལ་བའི་སྔོན་ཐོན་གྱི་རང་བཞིན་བཟང་པོར་མྱོང་རྟོགས་ཟབ་མོ་བྱས། ཚང་མས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་དཔེ་བཟང་མེ་ལོང་དུ་བཟུང་ནས་རང་ངོས་ཀྱི་མི་འདང་ས་དང་ཧེ་བག་ལ་ཞིབ་ལྟ་བྱས་ཏེ། ལས་དོན་སྒྲུབ་པའི་སྙིང་སྟོབས་སྔར་བས་ཆེ་རུ་བསྐྱེད་ཅིང་ཚོགས་ར་ཡོངས་ཀྱི་སློབ་སྦྱོང་གི་རྣམ་པ་བརྗིད་ཉམས་ཆེ་ལ་དང་འགུགས་ཤུགས་ཆེན་པོ་ལྡན་པ་ཞིག་རེད།

གོམ་སྟབས་རྗེས་མར། ཟུང་ཆུ་རྫོང་གིས་མུ་མཐུད་དུ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོ་སྤེལ་ཏེ། སློབ་སྦྱོང་གི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་སློབ་སྦྱོང་གི་ཕན་འབྲས་གཏིང་ཇེ་ཟབ་ཏུ་བཏང་ནས་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་ཁྲིད་སྟོན་བྱས་ནས་གསར་བརྗེ་ཡི་རྒྱུད་རྒྱུ་འཛིན་པ་དང་འབད་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། དཔའ་ངར་དེ་བས་ཆེ་བའི་འཐབ་འཛིང་གི་སྙིང་སྟོབས་དང་དངོས་སྒྲུབ་དེ་བས་ཆེ་བའི་སྤྱོད་ཚུལ་བཟང་པོ། ནུས་པ་དེ་བས་ལྡན་པའི་བྱེད་ཐབས་བཅས་ལ་བརྟེན་ནས་དུས་རབས་ཀྱི་འགན་འཁྲི་བློ་རྒྱ་ཆེན་པོས་ཕྲག་པར་ལེན་པ་དང་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱས་ཏེ། ལས་དོན་གྱི་གྲུབ་འབྲས་ཁྱད་དུ་འཕགས་པ་ལ་བརྟེན་ནས་ཏང་གི་ལོ་ངོ་བརྒྱ་ཡི་འཐབ་ལམ་གསར་པར་ལེགས་སྐྱེས་འབུལ་དགོས།

དེ་དང་ཆབས་ཅིག་ཏུ། ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་ལས་ཁུངས་སོ་སོས་ཀྱང་ལས་བྱེད་པ་དང་ལས་བཟོ་པ་རྣམས་རྩ་འཛུགས་བྱས་ནས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་ལ་མཉམ་གཅིག་ཏུ་བལྟས་པ་རེད།


