ལྔ་ལྔ་དུས་ཆེན་མཇུག་རྫོགས། ཟུང་ཆུ་རྫོང་གི་རིག་གནས་ཡུལ་སྐོར་ཁྲོམ་རར་རྒྱུ་འགྲུལ་དང་ཡོང་འབབ་གཉིས་འཕར་བྱུང་།

མཐོ་སྒང་གི་རི་ཆུ་ནགས་གསུམ་གྱི་མཛེས་སྡུག་ནི་སྤྱིར་ཡང་ངོ་མཚར་རྨད་དུ་བྱུང་བ་ཞིག་ཡིན་ལ། ལྷག་པར་དུ་ཟུང་ཆུ་རྫོང་གི་རི་ཆུ་ནགས་གསུམ་གྱི་མཛེས་སྡུག་གིས་ཕྱོགས་དང་ཕྱོགས་ཀྱི་ལྗོངས་སྐོར་པ་དག་གི་ཡིད་སེམས་བཀུག་ནས་མེ་ཏོག་པད་མའི་ཚལ་ལ་སྦྲང་ཚོགས་འཁོར་བ་བཞིན་བྱེད།
2026ལོའི་ལྔ་ལྔའི་དུས་ཆེན་གྱི་ངལ་གསོའི་བར་སྐབས་སུ། ཕྱོགས་བཞི་མཚམས་བརྒྱད་ཀྱི་ལྗོངས་སྐོར་པ་དག་གིས་གོམ་པའི་འདེགས་འཇོག་ཟུང་ཆུ་རྫོང་གི་རི་མོ་ལྟར་མཛེས་པའི་རང་བྱུང་གི་བཀོད་པ་དང་བོད་ཆའང་གི་ཡུལ་སྲོལ་གོམས་འདྲིས་ཐུན་མོང་མ་ཡིན་པའི་ཕྱོགས་སུ་བསྒྱུར་དགོས་བྱུང་། རྫོང་ཁོངས་ཀྱི་ལྗོངས་སྐོར་ས་ཚིགས་དག་ཏུ་ལྗོངས་སྐོར་པ་ཆེས་ཤིན་ཏུ་མོད་ལ་དགའ་སྐྱིད་ཀྱི་དགོད་སྒྲ་མཚོ་མོ་བཞིན་སྐྱོམ་པར་བྱེད།

བསྡོམས་རྩིས་བྱས་པ་ལྟར་ན། ལྔ་ལྔ་དུས་ཆེན་གྱི་ངལ་གསོའི་བར་སྐབས་སུ་རྫོང་ཁོངས་ཡོངས་ཀྱིས་ཁྱོན་ལྗོངས་སྐོར་པ་མི་ཐེངས་100268ལ་སྣེ་ལེན་བྱས་ཤིང་དུས་མཚུངས་ལས་བརྒྱ་ཆ་15.87འཕར་ཡོད་པ་དང་ལྗོངས་སྐོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་8261.5ཟིན་པ་མངོན་གྱུར་བྱུང་ཞིང་དུས་མཚུངས་ལས་བརྒྱ་ཆ་19.66འཕར་ཡོད། དེར་གསེར་མཚོ་མཛེས་ལྗོངས་ཁུལ་དུ་ལྗོངས་སྐོར་པ་མི་ཐེངས་31015ལ་སྣེ་ལེན་བྱས། ལྗོངས་སྐོར་པ་དག་ཚོན་མདངས་རྣམ་པར་བཀྲ་བའི་མཚེའུ་རིམ་པར་བརྩིགས་པ་ལྟ་བུ་དག་གི་བར་ལ་འཆམ་འཆམ་དུ་བསྐྱོད་ནས་མ་བཅོས་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་ཧ་ལས་པ་དང་ཧང་སངས་པ་ལྟ་བུར་ལུས། ཟུང་ཆུའི་གནའ་མཁར་དུ་ལྗོངས་སྐོར་པ་མི་ཐེངས་28236ལ་སྣེ་ལེན་བྱས། ལྗོངས་སྐོར་པ་དག་གནའ་བོའི་རྔམས་ཁ་མཐུག་པའི་མཁར་གྱང་དང་ཁྲོམ་སྲང་གི་ཚོང་འདུས་སྣ་ཚོགས་ལ་ལྟད་མོར་གཡེང་བཞིན་དམངས་སྲོལ་དང་མཐའ་མཚམས་གྲོང་ཁྱེར་གྱི་རྣམ་པ་ཉམས་སུ་མྱོང་བཞིན་གདའ། གཙོ་ཚང་རྒུ་མཛེས་ལྗོངས་ཁུལ་དུ་ལྗོངས་སྐོར་པ་མི་ཐེངས་30439སྣེ་ལེན་བྱས། ཡངས་པའི་ཐང་ལ་མེ་ཏོག་གི་འདབ་མ་བཞད་ཅིང་དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་ནི་བརྗིད་ཉམས་དང་བཅས་འགྱིང་ངེར་གནས་ཏེ། ལྗོངས་སྐོར་པ་དག་གཅིག་རྗེས་གཉིས་མཐུད་ངང་གནས་འདིར་ལྷགས་བཞིན་འཆམ་འཆམ་བྱེད་པ་དང་ངལ་དུབ་གསོ་བ་སོགས་བྱེད། དེ་མིན་མཛེས་ལྗོངས་ཁུལ་གཞན་དག་ཏུ་ལྗོངས་སྐོར་པ་མི་ཐེངས་10578སྣེ་ལེན་བྱས་ནས་རྫོང་ཁོངས་ཡོངས་སུ་ལྗོངས་སྐོར་པས་ཁེངས་པ་ལྟ་བུ་བྱུང་། དེ་དང་ཆབས་ཅིག་རྫོང་ཡོངས་ཀྱི་སྒོ་འཛིན་ཡོང་འབབ་སྒོར་ཁྲི་313.55ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་85.21འཕར།
ད་ལོའི་ལྔ་ལྔ་དུས་ཆེན་དུ། ཟུང་ཆུ་རྫོང་གིས་མ་བཅོས་རང་བྱུང་གི་བཀོད་པ་དང་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་འདྲིས། མི་སེམས་ཀྱི་མཛའ་བརྩེ་ཟབ་མོ་སོགས་ལ་བརྟེན་ནས་ཕྱོགས་བཞི་མཚམས་བརྒྱད་ནས་འོངས་པའི་ལྗོངས་སྐོར་པ་དག་ལ་དུས་ཆེན་སྐབས་ཀྱི་དགྱེས་སྟོན་གྱ་ནོམ་པ་ཞིག་བཤམ་པས། ཁོང་ཅག་གི་ཕྱིར་དྲན་ལ་མཛེས་སྡུག་རི་མོ་སྣ་ཚོགས་འཁོར་བ་དང་ཡང་ཡང་གནས་འདིར་ལྷགས་པའི་ཐ་ཚིག་སྒྲོག་བཞིན་ཕེབས་སོ། །
