ཝང་ཞའོ་ཧུའེ་ཡིས་རྔ་བ་དང་དཀར་མཛེས་ཁུལ་གཉིས་སུ་རྟོག་ཞིབ་མཛད།

ཟླ་6ཚེས་15ཉིན་ནས་ཚེས་17ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཞའོ་ཧུའེ་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་དང་ཆུ་ཆེན་རྫོང་། བཙན་ལྷ་རྫོང་། ཛམ་ཐང་རྫོང་། དཀར་མཛེས་ཁུལ་རོང་བྲག་རྫོང་བཅས་སུ་ཕེབས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སྒྲོག་འགྲེལ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་བྱས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དམ་འཛིན་ནན་པོ་བྱེད་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་སྤྱིའི་དམ་འཛིན་བྱ་ཡུལ་དུ་བཟུང་ནས་མཐའ་འཁྱོངས་བྱེད་པ། མི་རིགས་ས་ཁུལ་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་སྔར་བས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པར་བསྒྱུར་དགོས་ཞེས་བསྟན།

བརྟག་ཞིབ་བྱེད་རིང་ཝང་ཞའོ་ཧུའེ་ཡིས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས། ཞིང་ལས་ལག་རྩལ་མི་སྣ། རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་སོགས་དང་སྤེལ་རེས་གཏིང་ཟབ་བྱས་ནས། ཚང་མར་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་། ཁོང་གིས་མི་རིགས་ས་ཁུལ་གྱི་ངོས་ནས་བརྗོད་ན། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་གཞི་ཁྱོན་རང་བཞིན་གྱི་སླར་ཡང་དབུལ་པོར་མི་འགྱུར་བའི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་པའི་དངོས་ཡོད་དགོས་མཁོ་ཞིག་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་འདེགས་སྐྱོར་གལ་ཆེན་ཡིན། རྔ་བ་ཁུལ་དང་དཀར་མཛེས་ཁུལ་གྱི་ཐོན་ཁུངས་ཐུན་མོང་མ་ཡིན་པ་དང་སྣོད་བཅུད་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་འགག་རྩ་ནི་ས་མཐོའི་ཁྱད་ལྡན་རོང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཚན་རྩལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་ལས་སྣོན་ཞིབ་ཚགས་བྱེད་པ། གཅིག་རྗེས་གཉིས་མཐུད་ཀྱིས་སྒྲུབ་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་སྟེ་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་ཞིང་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་སྟེ་རིན་ཐང་འཕར་བའི་ཕན་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་རོང་འབྲོག་མང་ཚོགས་ལ་ཐོབ་ཏུ་འཇུག་དགོས་ཞེས་བསྟན།

ཝང་ཞའོ་ཧུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོ་རིམ་ནང་མི་རིགས་གཅིག་ཀྱང་ཆད་མི་རུང་ཞེས་ནན་བཤད་ཐེངས་མང་གནང་ཡོད། ལོ་རྒྱུས་དང་རང་བྱུང་། ས་ཁམས་སོགས་ཐད་ཀྱི་རྒྱུ་རྐྱེན་གྱིས་རྐྱེན་པས་རང་རེའི་ཞིང་ཆེན་གྱི་མི་རིགས་ས་ཁུལ་འཕེལ་རྒྱས་ལ་དཀའ་ངལ་ཆེ་ཙམ་ཡོད། “ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི”རིང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་ཐོག་ཕྱུག་པོར་འགྱུར་བ་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། ཞིང་ཆེན་ཡོངས་ཀྱི་ཐོན་ཁུངས་དང་སྟོབས་ཤུགས་སྔར་བས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཁུལ་གསུམ་སོགས་མི་རིགས་ས་ཁུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་ཇུས་དང་། མ་དངུལ། ཤེས་ལྡན་མི་སྣ་སོགས་ཐད་གཟིགས་སྐྱོང་སྔར་བས་ཆེ་བ་བྱས་ནས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་མགྱོགས་མྱུར་རྗེས་ཟིན་ཐུབ་པ་དང་རྗེས་ལུས་མི་ཐེབས་པའི་འགན་ལེན་བྱེད་དགོས་ཞེས་གསུངས།

བརྟག་ཞིབ་བྱེད་རིང་ཝང་ཞའོ་ཧུའེ་ད་དུང་སྐུ་ལྷ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཕེབས་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་སྲུང་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མུ་མཐུད་ལེགས་སུ་བཏང་ནས་ས་གནས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་དེ་བས་ཡག་པོ་བྱ་དགོས་པ་དང་། དམར་དམག་རྒྱང་སྐྱོད་ཀྱི་ཆུ་ཁ་གཉིས་ཀྱི་ཚོགས་འདུའི་དྲན་གསོ་ཁང་དུ་ཝང་ཞའོ་ཧུའེ་ཡིས་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་ལ་ལྟ་སྐོར་བྱས་པ་དང་། དམར་དམག་རྒྱང་སྐྱོད་ཀྱི་གསར་བརྗེའི་ལོ་རྒྱུས་ངོ་སྤྲོད་གསན་པ་དང་། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བའི་གོ་སྐབས་དང་བསྟུན་ནས། གསར་བརྗེའི་རིག་དངོས་དང་དམར་པོའི་རྗེས་ཤུལ་མ་ལག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་འབད་བརྩོན་སྟོབས་ཤུགས་བསྡུ་ལེན་བྱེད་པར་ཁྲིད་སྟོན་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་དེ་བས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ལས་དོན་བསྒྲུབ་པར་ནུས་པ་འདོན་དགོས་ཞེས་བསྟན།
ཞིང་ཆེན་གྱི་འགོ་ཁྲིད་ཕུར་བུ་དོན་གྲུབ་དང་། ཐེན་ཆིང་དབྱིན། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་བརྟག་ཞིབ་ནང་ཞུགས་ཡོད།
