ཟུང་ཆུ་རྫོང་གི་གནའ་མཁར་གྱི་ཁྲོམ་གཞུང་དུ་ལྔ་ལྔ་དུས་ཆེན་བསུ་བའི་རྣམ་པ་འཁྲུག་ཆ་དོད།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
གསར་འགོད་པ་ཚུལ་ཁྲིམས་རྡོ་རྗེ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༦ ཚེས་ ༡༧

ལྔ་ལྔ་དུས་ཆེན་ཚེས་ལ་ཉེ་བའི་སྐབས་འདིར། ཟུང་ཆུ་རྫོང་གི་གནའ་མཁར་ཁྲོམ་གཞུང་གི་སྲམ་ལམ་ཆེ་ཆུང་ཀུན་ཏུ་ལོ་ཆན་གྱི་དྲི་མ་ཞིམ་པོ་འཐུལ་ལེར་འཁྱིལ། ལོ་ཆན་བཟོ་བ་དང་རྩི་བག་བརྡུང་བ་སོགས་དམངས་སྲོལ་བྱེད་སྒོ་འཁྲུག་ཆ་དོད་པོས་སྤེལ་བཞིན་ཡོད་ལ། དུས་ཆེན་སྐབས་ཀྱི་ཁྲོམ་རའི་མཁོ་སྤྲོད་ཀྱང་འདང་ངེས་ཡོད་པར་མ་ཟད། ག་ས་གང་དུ་དགའ་བྲོད་ཀྱི་རྣམ་པ་དང་བག་ཕེབས་ཚུལ་ལུགས་དང་ལྡན་པའི་དུས་ཆེན་གྱི་རྣམ་པ་ཆགས་ཡོད།

ཟུང་ཆུའི་གནའ་མཁར་དུ་བསྐྱོད་ན། བསྟར་ལ་བསྒྲིགས་པའི་ཁྲོམ་གཞུང་གཡས་གཡོན་གྱི་ཚོང་ཁང་དང་ཚོང་འདུས་ཀྱི་ཁྲོམ་དབུས་སུ། ཡུལ་དངོས་རང་ནས་ལོ་ཆན་བཟོ་བ་དང་ཡུལ་དངོས་རང་ནས་བཙོ་བཞིན་མགྲོན་པོ་དག་ལ་འཚོང་བཞིན་འདུག །ཚོང་པ་དག་གིས་སྙུག་ལོ་དང་། ཆང་འབྲས་དང་དེ་བཞིན་སྦྲང་འབྲ། དུད་ཤ་སོགས་ལོ་ཆན་བཟོ་བའི་ནང་སྙིང་རྣམས་ལེགས་པར་གྲ་སྒྲིག་བྱས་ཡོད་པས། ཕར་བལྟས་ན་ལོ་ཆན་བཟོ་བའི་ལག་རྩལ་ལ་ནང་བྱན་ཆུད་ཡོད་དེ། མོ་སྨན་པེ་ལགས་ཀྱིས“ང་ཚོས་ད་ལྟ་འདིར་བཟོ་བཞིན་པ་ནི་འབྲ་གོ་དམར་པོ་ཡི་ལོ་ཆན་ཡིན་ལ། ལོ་ཆན་ལ་དུད་ཤས་བཟོས་པ་དང་། འབྲ་གོ་དམར་པོས་བཟོས་པ། ཕག་ཤས་བཟོས་པ། སྒོང་སྤྲི་སེར་པོ་ཡིས་བཟོས་པ་སོགས་ཡོད། ཚང་མས་ཉོ་བར་དགའ་བསུ་ཞུ”ཟེར།

ཡུལ་དངོས་ནས་བཙོས་པའི་ལོ་ཆན་གྱི་དྲི་མ་ཞིམ་ཞིང་ཡར་མར་ཁྲོམ་གཞུང་ཉུལ་བའི་མགྲོན་པོ་དག་གིས་གོམ་མཚམས་བཞག་ནས་ཉོ་ཞིང་ཁ་ལ་ཟ་བར་བྱེད་ལ། མང་ཚོགས་འགའ་ཞིག་ནི་ལོ་ཆན་བཟོ་བར་དངོས་སུ་ཞུགས་ནས་སྲོལ་རྒྱུན་དམངས་སྲོལ་གྱི་བྱེད་སྒོར་ཉམས་རོལ་བྱེད་ཀྱི་གདའ།

ཟུང་ཆུ་རྫོང་གི་གྲོང་དམངས་མོ་སྨན་ཞུས་ལགས་ཀྱིས“ལོ་ཆན་འདི་ངོ་མ་ཁ་ལ་ཞིམ་པ་ཞིག་རེད། ངས་ལོ་རེ་རེ་བཞིན་ལྔ་ལྔ་དུས་ཆེན་དུ་ལོ་ཆན་འདི་ནས་ཉོས་པ་ཡིན། སྦྲང་འདི་ཡང་ངོ་མ་ཞིམ། ནང་དུ་རྒྱ་སེ་མེ་ཏོག་ཀྱང་བཞག་འདུག”ཟེར།

སྲོལ་རྒྱུན་གྱི་རྩི་བག་བརྡུང་བའི་དམངས་སྲོལ་དེ་ཡང་ཁྱད་ཆོས་ལྡན་པ་ཞིག་སྟེ། ཡུལ་སྐོར་པ་དང་གྲོང་དམངས་དག་གི་མིག་དབང་བཀུག །ཞོག་ཁོག་རྡོ་གཏུན་གྱི་ནང་དུ་ཡང་དང་བསྐྱར་དུ་བརྡུངས་ནས་རྩི་བག་བཟོ། ད་སོ་མར་བཟོས་པའི་རྩི་བག་གི་སྟེང་ལ་སྲན་ཕྱེ་དང་བུ་རམ་གཏོར་ནས་འཚོང་བཞིན་འདུག་ལ། དེ་ཟོས་ན་ཞིམ་ཞིང་ཁ་ལ་སྙི་བ་ཞིག་སྟེ། ཁྲོན་ནུབ་རྒྱུད་ཀྱི་དམངས་སྲོལ་ཁྱད་ཆོས་ལྷག་པར་ལྡན་པ་ཞིག་གོ །ལོ་ཆན་གྱི་དྲི་མ་ཞིམ་པོ་གང་སར་འཐུལ་བ་ལས་གཞན་དུ། གནའ་སྲོལ་མ་ཉམས་པའི་སྲོལ་རྒྱུན་གྱི་ལག་ཤེས་དང་ནང་བྱན་ཆུད་ལ་འཁྲུག་ཆ་དོད་པའི་དམངས་སྲོལ་གྱི་ཁྲོམ་སྟེ། ཟུང་ཆུ་རྫོང་གི་ལྔ་ལྔ་དུས་ཆེན་གྱི་གནའ་སྲོལ་རྒྱུན་འཛིན་བྱེད་པ་དང་མཉམ་དུ། སྲོལ་རྒྱུན་གྱི་དུས་ཆེན་རིག་གནས་དེ་ལག་པས་རེག་ཏུ་ཡོད་པ་དང་སེམས་ཀྱིས་མྱོང་རྒྱུ་ཡོད་པ་ཞིག་ཏུ་བསྒྱུར་འདུག

མོ་སྨན་ཞུང་ལགས་ཀྱིས“ང་ཚོའི་ལོ་ཆན་འདི་དག་ཉིན་རྟག་པར་ཡུལ་དངོས་རང་ནས་བཟོས་ཤིང་འཚོང་བཞིན་ཡོད་པས། གསར་པ་གསར་རྐྱང་ཡིན”ཟེར།

དུས་ཆེན་སྐབས་ཀྱི་ཁྲོམ་ཚོང་རའི་དངོས་ཟོག་མཁོ་སྤྲོད་འདང་ངེས་དང་དངོས་ཟོག་གི་རིན་གོང་བརྟན་པོ་ཡོད། ཞིང་ཚོང་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་དག་ཏུ་རྡོ་ཀུབ་དང་ལྡུམ་སྒོང་། སུར་པན་སྔོན་པོ། རྗེན་ཚལ་སོགས་སྔོ་ཚལ་དང་ཤིང་འབྲས་དག་གི་སྣ་ཁ་འཛོམས་ཤིང་ཕུན་སུམ་ཚོགས་པས། མང་ཚོགས་རྣམས་ཀྱིས་དུས་ཆེན་གཏོང་བའི་དགོས་མཁོ་ཡོངས་སུ་བསྐངས་ཡོད་དོ། །