གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་ཟབ་སྤེལ་གྱིས་དཔེ་ཀློག་གི་ཁོར་ཡུག་བསྐྲུན།

ཉེ་ཆར། རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱི་ལས་དོན་ཚོ་ཆུང་མཛོད་དགེ་རྫོང་དུ་བསྐྱོད་དེ་གཞི་རིམ་སྤྱི་ཕན་དཔེ་མཛོད་ཁང་དང་དགོན་སྡེའི་དཔེ་ཁང་དང་ཆ་སྒྲིག་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ། བྱེད་སྒོ་དེས“གཞི་རིམ་རིག་གནས་ཀྱི་གཤིན་སར་དཔེ་ཀློག་གི་ཆབ་ཆུ་གཏོར་བཞིན་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་ཏུ་སྒྲིལ”ཞེས་གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་གི་ཞན་ཆ་གསབ་པ་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ། རིག་གནས་ཀྱི་དམངས་ཕན་ཞབས་ཞུ་ལེགས་པོ་འདོན་བཞིན་མི་སེམས་གཅིག་ལ་གཏད། ཀྲུང་ཧྲུ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལེགས་པོ་བསྐྱེད།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འགོ་འཛིན་སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་མཆོག་དངོས་སུ་ཕེབས་ནས་མཛུབ་སྟོན་གནང་། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བསྟན་སྐྱབས་དང་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱི་འགོ་ཁྲིད་གཙོ་བོ། ཁུལ་དང་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག །གཞི་རིམ་དཔེ་ཁང་གི་འགན་འཁུར་བ་བཅས་བྱེད་སྒོར་ཞུགས།

བྱེད་སྒོ་རུ་ཐུན་མོང་འཛུགས་སྐྲུན་གྱི་སྙན་ཞུ་ཕུལ། འཐུས་མིས་གཏམ་བཤད་གནང་། སྒོ་བྱང་བཀལ་བ་དང་གན་རྒྱ་བཞག །དཔེ་དེབ་ཞལ་འདེབས་གནང་ནས་བཞུགས་མོལ་ཚོགས་འདུ་འཚོགས། ཁུལ་བོད་ཡིག་དཔེ་མཛོད་ཁང་གིས་ཁུལ་ཡོངས་ཀྱི་དཔེ་ཁང་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་ཚུལ་གསལ་བཤད་བྱས། མཛོད་དགེ་རྫོང་གི་གཞི་རིམ་དཔེ་ཁང་ཁག་གི་འགན་འཁུར་པས་གཉེར་སྐྱོང་ཉམས་མྱོང་བརྗེ་རེས་བྱས། དེ་མིན་གནད་དོན་དབྱེ་ཞིབ་དང་ལས་ཀའི་སྤུས་ཀ་འདེགས་པར་ཀུན་གྱིས་གྲོས་མོལ་གནང་།
ཚོགས་འདུའི་ཐོག་རྒྱུན་རྣམ་ཅན་གྱི་ཆ་སྒྲིག་ནུས་སྤྲོད་ལམ་སྲོལ་བཙུགས་ནས་དཔེ་ཁང་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་གཏོང་བ་དང་ལས་སྒོའི་ནུས་པ་ཆེ་རུ་གཏོང་དགོས་པ། སྐད་གཉིས་དཔེ་དེབ་གཞི་རིམ་ས་ཆར་དྲངས་ནས་དུས་ལྟར་དཔེ་དེབ་གསར་པ་བརྗེ་བའི་ལམ་ལུགས་དོན་འཁྱོལ་བྱེད་པ། སྐད་གཉིས་དཔེ་ཀློག་དང་མི་རིགས་མཐུན་སྒྲིལ་སྒྲོག་འགྲེལ་སོགས་ཁྱད་ལྡན་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་དགོས་པ། ལྟ་སྐུལ་ཞིབ་བཤེར་དང་དཔྱད་བསྡུར་སྐུལ་ལྕག་གི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཐོན་ཁུངས་མཉམ་སྤྱོད་བྱ་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་ཏང་གི་གཞུང་ལུགས་ཀྱིས་ཁྲིད་སྟོན་བྱས་ཏེ། དཔེ་ཁང་འཛུགས་སྐྲུན་དང་བོད་ཡིག་ཚད་ལྡན་དུ་བཏང་ནས་རིག་གནས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ལ། མི་རིགས་མཐུན་སྒྲིལ་ལ་གཞོགས་འདེགས་བྱེད་དགོས། ཕྱོགས་ཁག་གི་འགན་འཁྲི་ལེགས་ཁུར་དང་སྡེ་ཁག་སོ་སོས་མཐུན་སྦྱོར་བྱས་ཏེ། དཔེ་ཁང་གིས་རང་འགན་ལེགས་འཁུར་དང་ཁུལ་རྫོང་མཉམ་འབྲེལ་གྱིས་ལས་ཀ་ལེགས་པོ་བསྒྲུབ་དགོས། ལས་ཀའི་ཕན་འབྲས་དངོས་ལ་གཞིགས་ནས་ཁུལ་རིམ་པའི་ཐོན་ཁུངས་ལེགས་པོ་སྤྱད་དེ་རྒྱུན་རྣམ་ཅན་གྱི་དཔེ་ཀློག་སྒྲོག་འགྲེལ་བྱེད་སྒོ་སྤེལ་དགོས་པ་ནན་གྱིས་བསྟན།
བྱེད་སྒོ་སྤེལ་ཡུལ་དུ་ཁུལ་བོད་ཡིག་དཔེ་མཛོད་ཁང་གིས་སྟག་ཚ་དཔེ་ཁང་དང་ཆོས་རྗེ་དགོན་པའི་དཔེ་ཁང་དབར་ཐུན་མོང་འཛུགས་སྐྲུན་གྱི་གྲོས་མཐུན་བཞག་པ་དང་སྒོ་བྱང་བཀལ་བའི་མཛད་སྒོ་སྤེལ། བོད་རྒྱ་སྐད་གཉིས་དཔེ་དེབ་དང་སྒྲོག་དེབ་300ལྷག་ཙམ་ཞལ་འདེབས་གནང་སྟེ། གཞི་རིམ་གྱི་དཔེ་མཛོད་ཁང་གི་མཛོད་ཉར་དཔེ་དེབ་ཕུན་སུམ་ཇེ་ཚོགས་སུ་བཏང་།
