བོད་ཡིག་གནའ་དཔེ་ཉམས་གསོའི་ཚད་གཞི་འདོན་གྲབས་འདུག
སྤྱི་ཟླ་6པའི་ཚེས་12ཉིན། གཙུག་ལག་ཤེས་རབ། རིག་རྒྱུན་ཡུན་གནས། ཞེས་པའི་གནའ་དཔེ་ཉམས་གསོའི་ཆེད་དམིགས་རོགས་སྐྱོར་ལས་གཞིའི་འགོ་ཚུགས་མཛད་སྒོ་དང་《བོད་ཡིག་གནའ་དཔེ་ཉམས་གསོའི་ཚད་གཞི》འཆར་འགོད་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་སུ་གནས་པའི་སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་དུ་འཚོགས་པ་རེད། པེ་ཅིང་དང་། སི་ཁྲོན། བོད་ལྗོངས། ཡུན་ནན། ཧུའུ་པེ། ཅང་སུའུ། ཀྲེ་ཅང་སོགས་ས་གནས་ཁག་ནས་ཕེབས་པའི་གནའ་དཔེ་ཉམས་གསོའི་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་སྤྱི་ཕན་དགེ་སྒྲུབ་ཀྱི་ཞལ་འདེབས་མི་སྣ། སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པ་སོགས་མི་མང་པོ་ས་གནས་ས་ཐོག་ཏུ་འཛོམས་ནས། མི་རིགས་རིག་གནས་སྲུང་སྐྱོང་གི་རྣམ་གྲངས་དེ་དོན་འཁྱོལ་ཡོང་བར་བདེན་དཔང་གནང་ཡོད།

གསར་འགོད་པར་ཚོགས་ཡུལ་དངོས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གནའ་དཔེ་ཉམས་གསོའི་ཆེད་དམིགས་རོགས་སྐྱོར་གྱི་རྣམ་གྲངས་འདི་ནི་པེ་ཅིང་བྱམས་སྐྱོང་ཀུན་ཕན་ཐེབས་རྩ་ཚོགས་པས་སྣེ་ཁྲིད་དེ་སྤེལ་བ་ཞིག་ཡིན་པ་དང་། ཐེངས་འདིའི་ཆེད་དམིགས་རོགས་སྐྱོར་འོག རྟེན་མཛོད་གླིང་དེ་ཉིད་ཀྱི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་བོད་ཡིག་གནའ་དཔེ་པོད་བཅུ་གཉིས་ཏེ། ལྡེབ་མ་ཉིས་སྟོང་བདུན་བརྒྱ་ལྷག་ཙམ་ལ་བརྒྱུད་རིམ་རང་བཞིན་དང་མྱུར་སྐྱོབ་རང་བཞིན་གྱི་ཉམས་གསོ་ཐུབ་རྒྱུ་རེད། གླེགས་བམ་འདི་དག་གི་པར་གཞི་དཀོན་ཞིང་རྩ་ཆེ་བ་དང་། ཐུན་མོང་མ་ཡིན་པའི་བཟོ་རྩལ་གྱི་ཁྱད་ཆོས་ལྡན་པ། པོད་འགའ་ཤས་ནི་མིང་རྒྱལ་རབས་ཀྱི་དུས་འགོའི་བར་དུ་ཁུངས་འདེད་ཐུབ་པ་དང་། རིག་དངོས་ཀྱི་རིན་ཐང་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད།
པེ་ཅིང་བྱམས་སྐྱོང་ཀུན་ཕན་ཐེབས་རྩ་ཚོགས་པའི་དྲུང་ཡིག་ཆེན་མོ་ལི་ཡེ་ཅུན་གྱིས་གཏམ་བཤད་སྤེལ་སྐབས། གནའ་དཔེ་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པའི་རིག་གནས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་ཡིན་ཞེས་གསུངས་པ་དང་། ཞལ་འདེབས་ཕུལ་མཁན་གྱི་འཐུས་མི་ཀུའོ་ཁའེ་ཡིས། རང་ཉིད་ཀྱི་ནུས་པ་ཕྲན་བུར་བརྟེན་ནས་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་། གནའ་དཔེའི་ཁྲོད་ཀྱི་ཡིག་འབྲུ་རྣམས་ལ་གསོན་ཤུགས་རྒྱས་པར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

དེ་རྗེས་འཚོགས་པའི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་བདུན་ནས་ཕེབས་པའི་གནའ་དཔེའི་སྐོར་གྱི་ཆེད་མཁས་པ་རྣམས་ལ་ད་ཆ་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ཉམས་གསོའི་ཐད་ལས་རིགས་ཀྱི་ཚད་གཞི་གཅིག་མཐུན་ཞིག་མེད་པ་དང་། བོད་ཀྱི་གནའ་དཔེར་ཚོད་ལྟའི་རང་བཞིན་གྱི་ཉམས་གསོ་བྱེད་པའི་ཉམས་མྱོང་དེ་འབྱུང་འགྱུར་དབྱི་རིགས་དང་ཏའེ་རིགས་སོགས་གྲངས་ཉུང་མི་རིགས་གཞན་དག་གི་གནའ་དཔེ་ཉམས་གསོའི་ཐད་གྱི་མིག་དཔེ་ལྟ་བུར་འགྱུར་རྒྱུ་ཡིན་པས། དེ་ཁྱབ་གདལ་དང་དར་སྤེལ་གཏོང་རྒྱུའི་དགོས་པ་ཆེན་པོ་ཡོད་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཝུའུ་ཧན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ལིའུ་ཅ་ཀྲེན་གྱིས། ཉམས་གསོ་ཚད་ལྡན་ཅན་དུ་འགྱུར་བ་དེས་ཉམས་གསོའི་བརྒྱུད་རིམ་ནང་རིག་དངོས་ལ་གནོད་སྐྱོན་ཐེངས་གཉིས་པ་མི་ཕོག་པ་བྱེད་ཐུབ་ལ་ཉམས་གསོའི་དགེ་རྒན་དེ་བས་མང་བ་ཞིག་གྲངས་ཉུང་མི་རིགས་ཀྱི་གནའ་གཞུང་ཉམས་གསོའི་ཐབས་རྩལ་ཁོང་དུ་ཆུད་ཐུབ་པ་འགྱུར་ཐུབ་ཅེས་བརྗོད་ཡོད།

ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་བསྡུ་སྒྲིག་དང་དཔེ་སྐྲུན་འཆར་འགོད་གཞུང་དོན་ཁང་གི་སྒྱུར་ཞིབ་གཞོན་པ། སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་གི་དམིགས་བསལ་གདན་ཞུ་ཆེད་མཁས་པ་དབྱི་ཝང་ཏི་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཚན་རིག་དང་མཐུན་པའི་ཉམས་གསོའི་ལག་རྩལ་སྤྱད་དེ། ཆག་སྐྱོན་དང་གཏོར་སྐྱོན་ཆེན་པོ་ཐེབས་པའི་གནའ་དཔེ་དག་ཉམས་གསོ་བྱས་ནས་སྤྱི་ཚོགས་འདི་དང་དུས་རབས་འདིར་ཞབས་འདེགས་དང་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་གི་འགན་འཛིན་ཀླུ་རྡེའུ་རྟ་མགྲིན་སྐྱབས་ཀྱིས། ཐེངས་འདིའི་ཆེད་དམིགས་རོགས་དངུལ་གྱི་རྒྱབ་སྐྱོར་ཐོབ་པར་བརྟེན་ནས། མ་འོངས་པར《བོད་ཡིག་གནའ་དཔེ་ཉམས་གསོའི་ཚད་གཞི》གཏན་འབེབས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་རིགས་ཀྱི་གནའ་དཔེ་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་བྱ་གཞག་ལ་འབད་བརྩོན་ལྷོད་མེད་བྱས་ཏེ། རྩ་ཆེའི་གནའ་དཔེ་དག་ལ་གསོན་ཤུགས་གསར་པ་རྒྱས་པ་བྱ་རྒྱུ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ནུས་ཤུགས་ཡོད་རྒུས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

