ཕྱོགས་བཞི་མཉམ་ལས་ཀྱི་སྟོབས་ལ། །ཁང་རྙིང་དམངས་གཞིས་སུ་བསྒྱུར་ཡོད། །—ཟུང་ཆུ་རྫོང་གསེར་མཚོ་ཡུལ་ཚོ་བཞི་མདོ་གྲོང་ཚོས་དམངས་གཞིས་མགྲོན་ཁང་ལ་བརྟེན་ནས་གྲོང་གསེབ་དར་བར་གསོན་ཤུགས་བསྩལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
གསར་འགོད་པ་ཚུལ་ཁྲིམས་རྡོ་རྗེ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༦ ཚེས་ ༡༢

ཉེ་བའི་ལོ་འགའ་ནས་བཟུང་། ཟུང་ཆུ་རྫོང་གསེར་མཚོ་ཡུལ་ཚོ་བཞི་མདོ་གྲོང་ཚོས་སློབ་གྲྭ་དང་ས་གནས། ཁེ་ལས། མང་ཚོགས་བཅས་ཕྱོགས་བཞི་མཉམ་འགུལ་མཉམ་ལས་ཀྱི་ལམ་ལུགས་གཏིང་ཟབ་ཏུ་བཏང་ནས་གྲོང་གསེབ་ཀྱི་བེད་མེད་དུ་བསྐྱུར་པའི་ཐོན་ཁུངས་བེད་སྤྱད་དེ། ས་གནས་རང་གི་དམངས་གཞིས་མགྲོན་ཁང་གི་ཐོན་ལས་བསྒྲུབས་པ་དང་། དེ་ལ་བརྟེན་ནས་གྲོང་མི་དག་གི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་བཏང་བར་མ་ཟད། གྲོང་གསེབ་དར་རྒྱས་གཏོང་བར་སྒུལ་ཤུགས་གསར་བ་བསྣན།

གསེར་མཚོ་ཡུལ་ཚོས་བཞི་མདོ་གྲོང་ཚོའི་གནས་ཡུལ་གྱི་ལེགས་བབ་དང་གྲོང་གསེབ་ཀྱི་ཐོན་ཁུངས་ལ་གཞི་བཙུགས་ནས་སྲོལ་རྒྱུན་གྱི་ཆིག་རྐྱང་གི་འཕེལ་རྒྱས་རྣམ་པ་དོར་ཏེ། རང་འགུལ་ངང་མཉམ་ལས་སྟེགས་བུ་བསྐྲུན་ནས་སློབ་གྲྭ་དང་ས་གནས། ཁེ་ལས། མང་ཚོགས་བཅས་ཕྱོགས་བཞི་མཉམ་ལས་མཐུན་སྦྱོར་གྱི་འཕེལ་རྒྱས་རྣམ་པ་གོང་དུ་སྤེལ།

མཐོ་རིམ་སློབ་གྲྭའི་ཐོན་ཁུངས་ལ་བརྟེན་ནས་གསེར་མཚོ་ཡུལ་ཚོས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཇེ་ཆེར་བཏང་། སྤུས་ཀ་བཟང་བའི་རིག་གནས་ཡུལ་སྐོར་ཁེ་ལས་ནང་འདྲེན་བྱས་པ་དང་སྲིད་གཞུང་དང་ཁེ་ལས་དང་སློབ་གྲྭ་བཅས་ཕྱོགས་གསུམ་གྱི་མཉམ་འབྲེལ་ལ་བརྟེན་ནས་གྲོང་ཚོའི་ནང་བེད་མེད་དུ་བསྐྱུར་པའི་ཁང་པ་རྙིང་པ་དང་ར་སྐོར་རྙིང་པ་སོགས་བསྒྱུར་བཀོད་བྱས་ནས་བེད་སྤྱད། བསྒྱུར་བཀོད་ཀྱི་རིམ་པར་བོད་གྲོང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་འཛུགས་སྐྲུན་གྱི་ནང་སྙིང་དང་དམངས་སྲོལ་གྱི་རྣམ་པར་བསྒྱུར་བཅོས་མ་བྱས་པར་སྔར་ལྟར་སོར་འཇོག་བྱས་ཤིང་ས་གནས་རང་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱད་ཆོས་དང་མཉམ་འདྲེས་བྱས་ཏེ། གྲོང་གསེབ་ཀྱི་ཡུལ་སྐོར་གྱི་ཁྱད་ཆོས་ལྡན་ལ་ཁམས་གསོ་སྤྲོ་གསེང་གི་རྣམ་པ་ཡོད་པའི་དམངས་གཞིས་མགྲོན་ཁང་བསྐྲུན།

ཟུང་ཆུ་རྫོང་གསེར་མཚོ་ཡུལ་ཚོའི་དྲིལ་བསྒྲགས་ཨུ་ཡོན་ལིའུ་ཝན་ཆུན་གྱིས“གསེར་མཚོ་ཡུལ་ཚོས་སློབ་གྲྭ་དང་ས་གནས། ཁེ་ལས། མང་ཚོགས་བཅས་ཕྱོགས་བཞི་མཉམ་འབྲེལ་གྱི་ལམ་ལུགས་ལ་བརྟེན་ནས་ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་དང་ཐོན་ཁུངས་སྣེ་མཐུད་དང་ཁེ་ལས་ནང་འགུགས་ཀྱིས་བེད་མེད་དུ་བསྐྱུར་པའི་ཁང་པ་རྙིང་པ་སོགས་བསྒྱུར་བཀོད་བྱེད་དུ་བཅུག །མིག་སྔར་ཁང་ཁྱིམ་13སྒྱུར་བཀོད་དང་ཚོང་གཉེར་བྱེད་བཞིན་ཡོད་ལ། ཁང་ཁྱིམ་4བསྒྱུར་བཀོད་བྱེད་བཞིན་པའི་སྒང་ཡིན”ཟེར།

མིག་སྔའི་བར་དུ། བཞི་མདོ་གྲོང་ཚོའི་བེད་མེད་དུ་བསྐྱུར་པའི་ཁང་པ་རྙིང་པ་13ལ་དམངས་གཞིས་མགྲོན་ཁང་གི་བསྒྱུར་བཀོད་ལེགས་པར་གྲུབ་ནས་ཚོང་གཉེར་བྱེད་འགོ་ཚུགས་ཡོད་པ་དང་ཁང་ཁྱིམ་4ཡི་བསྒྱུར་བཀོད་རྣམ་གྲངས་སྒྲུབ་བཞིན་པའི་སྒང་ཡིན། གྲོང་ཚོ་ཡོངས་ཀྱི་དམངས་གཞིས་མགྲོན་ཁང་གི་གཞི་རྒྱ་རིམ་པར་འགྲུབ་བཞིན་ཡོད། ད་ལོའི་ལྔ་གཅིག་གི་གུང་གསེང་གི་སྐབས་སུ་བསྒྱུར་བཀོད་བྱས་པའི་གསར་པ་གསར་རྐྱང་གི་དམངས་གཞིས་མགྲོན་ཁང་ལ་ཡུལ་སྐོར་པ་ཐོག་དང་པོར་ཞག་སྡོད་བྱས་པ་དང་ཞག་སྡོད་བྱས་པའི་ཡུལ་སྐོར་པ་དག་གིས་དམངས་གཞིས་མགྲོན་ཁང་གི་ཞབས་ཞུ་དང་སྤུས་ཀར་བསྟོད་པའི་མཐེ་བོང་བསྒྲེངས་པ་རེད།

དམངས་གཞིས་མགྲོན་ཁང་གི་ཐོན་ལས་ཀྱིས“ཐོན་ཁུངས་རྒྱུ་ནོར་དུ་འགྱུར་བ་དང་། ཁང་རྙིང་མགྲོན་ཁང་དུ་འགྱུར་བ། གྲོང་མི་མ་རྐང་འཇོག་མཁན་དུ་འགྱུར་བ” མངོན་འགྱུར་ཡོང་བར་བྱས། བེད་མེད་དུ་བསྐྱུར་པའི་ཁང་པ་རྙིང་པར་གསོན་ཤུགས་གསར་པ་བསྣན་པས་ཕན་འབྲས་གསར་པ་ཐོབ་པ་དང་ས་གནས་རང་གི་གྲོང་མི་རྣམས་སྒོ་དྲུང་ནས་ལས་ཞུགས་དང་ཞིང་ཞོར་ཐོན་རྫས་ཕྱིར་འཚོང་བྱེད་པར་སྐུལ་ཁྲིད་བྱས་ཏེ། གྲོང་མི་རྣམས་ཀྱིས་རང་ཁྱིམ་གྱི་སྒོ་དྲུང་ནས“ཡུལ་སྐོར་ལ་བརྟེན་པའི་ཟ་མ”ཟ་ཆོག་པར་བྱས་ནས་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་བབ་དེ་དཔལ་འབྱོར་གྱི་ཕན་འབྲས་སུ་བསྒྱུར་དང་སྒྱུར་བཞིན་ཡོད་དོ། །