དམངས་ཕན་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས་དམངས་འཚོར་འགན་སྲུང་བྱས།

སྤྱི་ཟླ་6པའི་ཚེས་9ཉིན། མཛོད་དགེ་རྫོང་བབ་བཟོ་ཡུལ་ཚོའི་འཕྲོད་བསྟེན་ཁང་གིས་ཆེད་ལས་སྨན་བཅོས་ཚོགས་པ་སྒྲིག་འཛུགས་བྱས་ནས་མངའ་ཁུལ་གྱི་གྲོང་གསེབ་ཏུ་འོས་འགན་སྨན་བཅོས་དང་། ས་གནས་ཀྱི་ནད་གཞི་ཆེད་དོན་སྨན་བཅོས། རིན་མི་དགོས་པར་སྨན་རྫས་བྱིན་པ་སོགས་ཀྱི་དམངས་ཕན་ཞབས་ཞུ་གང་ལེགས་བཏོན།

བྱེད་སྒོ་སྤེལ་ཡུལ་དུ་སྒྲིག་ལམ་ལྡན་པ་དང་སྨན་བཅོས་མི་སྣས་སྡེ་མི་ལ་རིན་མི་དགོས་པར་ཁྲག་ཤེད་དང་ཁྲག་མངར་གྱུར་གྱི་ཚད་འཇལ་ནས་རྒྱུན་མཐོང་ནད་གཞི་དང་འབྱུང་མང་བའི་ནད། མཐོ་སྒང་ས་ཁུལ་རང་བཞིན་གྱི་ནད་རིགས་འགོག་བཅོས་ཀྱི་དོགས་གཞི་གང་མང་ལ་འགྲེལ་ལན་བཏབ། མཐོ་སྒང་གི་གནམ་གཤིས་ཀྱི་ཁྱད་ཆོས་དང་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་དང་འབྲེལ་ནས་སྨན་སྤྱོད་སྟངས་དང་ཉིན་རྒྱུན་གྱི་ཁམས་གསོ། བདེ་ཐང་འདུག་སྤྱོད་སོགས་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་ནས། མང་ཚོགས་ལ་ཚན་རིག་དང་མཐུན་པའི་བདེ་ཐང་གི་འཚོ་བའི་འདུ་ཤེས་བསྐྱེད་པར་ཁྲིད་སྟོན་བྱས་ཏེ། མང་ཚོགས་ཀྱི་རང་ངོས་བདེ་ཐང་དོ་དམ་གྱི་ནུས་པ་ཆེ་རུ་བཏང་།
དེ་དང་ཆབས་ཅིག་ས་གནས་ཀྱི་ནད་གཞི་འགོག་བཅོས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས། སྨན་བཅོས་མི་སྣས་མངའ་ཁུལ་གྱི་ས་གནས་ཀྱི་ནད་གཞི་ཕོག་མཁན་ལ་ཆེད་དོན་བསྐྱར་བརྟག་བྱས། ནད་གཞིར་དཔྱད་དཔོག་དང་ཁམས་གསོ་མཛུབ་སྟོན་སོགས་ཀྱི་སྨན་བཅོས་ཞབས་ཞུ་བཏོན། ནད་པའི་གནས་ཚུལ་ལ་གཞིགས་ནས་སྨན་བཅོས་ཇུས་གཞི་ལེགས་སྒྲིག་བྱས་ཏེ་ས་གནས་ཀྱི་ནད་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས། དེ་སྔོན་ཁྱིམ་དུ་ཕྱིན་ནས་བདེ་ཐང་གནས་ཚུལ་རྟོག་ཞིབ་གནང་བར་གཞིགས་ནས་མང་ཚོགས་ལ་རྒྱུན་སྤྱོད་སྨན་རྫས་དང་ས་གནས་ནད་གཞི་འགོག་བཅོས་ཀྱི་ཆེད་བཀོལ་སྨན་རྫས་བྱིན། དེ་མིན་སྨན་སྤྱོད་སྟངས་དང་འཛེམ་བྱ། ཉིན་རྒྱུན་དོ་སྣང་བྱ་དགོས་པའི་དོན་ཚན་གསལ་བཤད་བྱས་ནས། མང་ཚོགས་ཀྱིས་བདེ་འཇགས་དང་ཚན་ལྡན་སྒོས་སྨན་སྤྱོད་པར་འགན་སྲུང་བྱས།
བྱེད་སྒོ་དེར་བསྡོམས་པས་མི་ཐེངས་70ལྷག་ལ་ས་གནས་ནད་གཞི་སྨན་བཅོས་བྱས། རིན་མི་དགོས་པར་སྨན་རྫས་རིགས་50ལྷག་བྱིན། གཞི་རིམ་དུ་ཕྱིན་ནས་དམངས་ཕན་སྨན་བཅོས་ཞབས་ཞུ་བཏོན་ནས། མངའ་ཁུལ་གྱི་མང་ཚོགས་ལ་སྒོ་འགྲམ་ནས་སྤུས་ལེགས་དང་སྟབས་བདེ། རིན་མི་དགོས་པའི་སྨན་བཅོས་ཞབས་ཞུ་ཉམས་ལེན་བྱེད་དུ་བཅུག་ནས། མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཇེ་ཡང་དུ་བཏང་། མངའ་ཁུལ་མང་ཚོགས་ཀྱི་བདེ་ཐང་བྱང་ཚད་དང་ས་གནས་ནད་གཞི་འགོག་བཅོས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་ནས་ཀུན་གྱིས་གདེང་འཇོག་ལེགས་པོ་གནང་།
