ཝང་ཞའོ་ཧུའེ་ཡིས་ཞོད་སྐྱོན་འགོག་པའི་ལས་དོན་ལ་བཀོད་སྒྲིག་བྱས།

ཡོང་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༦ ཚེས་ ༡༠

ཟླ་6ཚེས་8ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཞའོ་ཧུའེ་ཡིས་ཆུ་ལོག་དང་ཐན་སྐྱོན་གྱི་གནོད་འཚེ་འགོག་སེལ་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་ལ་གཙོ་སྐྱོང་གནང་སྟེ། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་ལོག་དང་ཐན་སྐྱོན་གྱི་གནོད་འཚེ་འགོག་སེལ་དང་རྒུད་སྐྱོབ་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་སེམས་ཁུར་ཆེན་པོའི་འགན་འཁྲི་འཁུར་སེམས་རྒྱུན་འཁྱོངས་དང་། ཆུ་ལོག་དང་ཐན་སྐྱོན་གྱི་གནོད་འཚེ་འགོག་སེལ། རྒུད་སྐྱོབ་བཅས་ལ་གཞི་ཚུགས་ནས་ཞིབ་ཚགས་དང་ཏན་ཏིག་གིས་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། ཆུ་ལོག་དང་ཐན་སྐྱོན་གྱི་གནོད་འཚེ་འགོག་སེལ་བྱེད་པའི་ལས་དོན་རང་འགུལ་ངང་ལེགས་བསྒྲུབ་དང་དཀའ་ཁག་སྒྲོལ་ཐུབ་པ་བྱ་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧྲི་ཞའོ་ལིན་ཚོགས་འདུར་ཞུགས་པ་རེད། ཚོགས་འདུ་མ་འཚོགས་གོང་།ཝང་ཞའོ་ཧུའེ་དང་ཧྲི་ཞའོ་ལིན་སོགས་སི་ཁྲོན་གྱི་ཆུ་ལོག་དང་ཐན་སྐྱོན་འགོག་སེལ་གྱི་བཀོད་འདོམས་བཀོད་གཏོང་ལྟེ་གནས་སུ་ཡོང་ནས་ལས་དོན་མི་སྣར་འཚམས་འདྲི་གནང་བ་དང་། གཙོ་གནད་ཆུ་མཛོད་དང་ཆུ་བོ་གལ་ཆེན་གྱི་གནས་ཚུལ་དངོས་ལ་བརྙན་ལམ་ཐོག་ནས་ལྟ་ཞིབ་གནང་བ་མ་ཟད། ཆུ་འབྲུབ་དུས་ཀྱི་མཉམ་འབྲེལ་ལས་རེས་དང་། གྲོས་མོལ་ཞིབ་གཅོད། བཀོད་གཏོང་བཀོད་འདོམས། ལྟ་ཞིབ་ཚད་ལེན།ཉེན་བརྡ་གཏོང་རྒྱུ་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་རྒྱུས་ལོན་བྱས་པ་རེད། ཚོགས་འདུའི་ཐོགསི་ཁྲོན་གནམ་གཤིས་ཅུས་དང་ཆུ་བེད་ཐིང་། རང་བྱུང་ཐོན་ཁུངས་ཐིང་། འཕྲལ་སྡོམ་དོ་དམ་ཐིང་། དབྱི་པིན་གྲོང་ཁྱེར། གཡར་རྔ་གྲོང་ཁྱེར། རྔ་བ་ཁུལ། དཀར་མཛེས་ཁུལ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས་འབྲེལ་ཡོད་ཁྱབ་ཁོངས་ལ་འཕྲད་པའི་གནས་བབ་དང་།དེ་བཞིན་ཆུ་ལོག་དང་ཐན་སྐྱོན་གྱི་གནོད་འཚེ་འགོག་སེལ་ལས་དོན་དང་བདེ་འཇགས་ཐོན་སྐྱེད་ལས་དོན་སོགས་ཀྱི་གནས་ཚུལ་བཅས་སྙན་ཞུ་ཕུལ་བ་རེད།

ཝང་ཞའོ་ཧུང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་འགོག་གནོད་སེལ་རྒུད་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། རང་བྱུང་གནོད་འཚེ་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་། དེས་ང་ཚོས་ཆུ་ལོག་དང་ཐན་སྐྱོན་གྱི་གནོད་འཚེ་འགོག་སེལ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཙུང་ལི་ལི་ཆང་གིས་བཀའ་མཆན་ཐེངས་མང་གནང་བ་དང་ཚོགས་འདུ་འཚོགས་ནས་བཀོད་སྒྲིག་གནང་ཡོད། རྒྱལ་ཡོངས་ཀྱི་ཆུ་ལོག་དང་ཐན་སྐྱོན་འགོག་སེལ་བཀོད་འདོམས་བརྙན་འཕྲིན་ཚོགས་འདུའི་ཐོག་ལས་དོན་བཀོད་སྒྲིག་བྱས་ཡོད། ང་ཚོས་གོ་བ་གཏིང་ཟབ་ལེན་པ་དང་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། སི་ཁྲོན་ནི་རང་བྱུང་གནོད་འཚེ་འབྱུང་མང་བའི་ས་ཁུལ་ཞིག་ཡིན་པས། ང་ཚོས་ལས་དོན་འབོར་ཆེན་བསྒྲུབས་ཀྱང་། འཕྲད་པའི་ཉེན་ཁ་དང་འགྲན་སློང་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ད་ལོའི་ཆུ་ལོག་དང་ཐན་སྐྱོན་གྱི་གནས་ཚུལ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཏེ། ཆུ་ལོག་དང་ཐན་སྐྱོན་འགོག་སེལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་དགོས་གཏུག་གི་འདུ་ཤེས་ཆེ་རུ་ཏན་ཏིག་གཏོང་བ་དང་། མཐའ་ཚད་ཀྱི་བློ་རིག་དང་མཐའ་ཚད་ཀྱི་བསམ་པ་བརྟན་པོ་བཙུགས་ནས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱས་ཏེ། མི་དམངས་ཀྱི་ཆེད་དུ་དམངས་ཕན་གྱི་ལག་ལེན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་ལག་བསྟར་བྱ་དགོས་ཞེས་བསྟན།