ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་གྱིས་མཇལ་མོལ་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་8ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོང་དབྱང་ཅིན་ཤིའུ་ཧྲན་གསོལ་མགྲོན་ཁང་དུ་བྱང་ཁོ་རེ་ཡ་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་མཇལ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས། དུས་ཡུན་ལོ་7གྱི་རྗེས་སླར་ཡང་མཛེས་སྡུག་ལྡན་པའི་ཕོང་དབྱང་དུ་འཚམས་འདྲིར་སླེབས་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་ལ། ཧ་ཅང་སྙིང་ཉེ་བ་ཞིག་འདུག ང་རང་ནས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ལྷན་དུ་ཐེངས་འདིའི་འཚམས་འདྲི་གོ་སྐབས་སུ་བཟུང་ཐོག དུས་རབས་གསར་པའི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་དུས་བསྟུན་མདུན་སྐྱོད་ཐུབ་པ་དང་གོང་འཕེལ་དེ་བས་ཆེ་བ་ཡོང་བར་བྱེད་པ་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་བསྐྲུན་པ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བསྟན་འདུག
ཞི་ཅིན་ཕིང་གིས། ཀྲུང་གོ་དང་བྱ་ཁོ་རེ་ཡ་རྒྱལ་ཁབ་གཉིས་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གཅིག་མཚུངས་རེད། ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲོལ་རྒྱུན་མཛའ་བཤེས་ནི་ཕྱོགས་གཉིས་པོའི་གཅིག་མཐུན་གྱི་ཕུགས་བསམ་འདུ་ཤེས་དང་འབད་འཐབ་དམིགས་འབེན་ཐོག་རྩ་བ་ཚུགས་ཡོད་པ་དང་། ལོ་རྒྱུས་ཀྱི་རྨང་གཞི་ཟབ་མོ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ། བརྩེ་སེམས་ཀྱི་འབྲེལ་ཐག་དམ་པོ་ཡོད་ཅིང་། མི་རབས་ནས་མི་རབས་བར་མཛའ་བཤེས་ཟབ་པ་དང་། ལས་དབང་གཅིག་མཐུན། སོ་སྲུང་རོགས་རེས་བྱེད་པ་བཅས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་ཁྱད་ཆོས་མངོན་གསལ་དོད་ཤོས་དེ་རེད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་ཡང་རུང་། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲོལ་རྒྱུན་མཛའ་བཤེས་ལ་ཚད་མཐོའི་མཐོང་ཆེན་བྱེད་པའི་ལང་ཕྱོགས་བརྟན་པོར་འགྱུར་བ་གཏོང་མི་སྲིད་པ་དང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་དབུ་ཁྲིད་བྱས་པའི་བྱང་ཁོ་རེ་ཡའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པར་འགྱུར་བ་གཏོང་མི་སྲིད་པ། ཀྲུང་གོ་དང་བྱང་ཁོ་རེ་ཡ་ཕྱོགས་གཉིས་པོའི་ཐུན་མོང་ཁེ་ཕན་དང་འཐབ་ཇུས་ཁོར་ཡུག་བཟང་པོར་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོར་འགྱུར་བ་གཏོང་མི་སྲིད་ཅེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས། འཕེལ་འགྱུར་མགྱོགས་པོ་འགྲོ་བཞིན་པའི་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་གི་མདུན་དུ། ཕྱོགས་གཉིས་པོས་མཐོ་འཛེགས་རྒྱང་བལྟ་དང་སྔ་འཛིན་ཕྱི་གཏོད་བྱེད་དགོས་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རིམ་ཁྲོད་ནས་བློ་གྲོས་ཉམས་ལེན་དང་། མིའི་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་མོའི་ཁྲོད་ནས་གོ་སྐབས་དམ་འཛིན་བྱས་ཐོག ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲོལ་རྒྱུན་མཛའ་བཤེས་ལ་དུས་རབས་གསར་པའི་ནང་དོན་དང་སྒུལ་ཤུགས་ཆེན་མོ་བསྣན་ནས། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་ས་ཁུལ་གྱི་ཞི་བདེ་དང་གོང་འཕེལ་གྱི་དེ་བས་མཛེས་སྡུག་ལྡན་པའི་མདུན་ལྗོངས་གཏོད་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་དགོངས་འཆར་ཁག་བཞི་བཏོན་གནང་བ་སྟེ།
དང་པོ། མཐོ་རིམ་འགྲོ་འོང་སྣེ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་བརྟན་དུ་གཏོང་དགོས། ཆེས་མཐོའི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་ནི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་བར་གྱི་འབྲེལ་བའི་བཟང་ཆ་ཆེ་ཤོས་དེ་ཡིན། ང་རང་ནས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་འཐབ་ཇུས་ཀྱི་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་ཟམ་མི་ཆད་པར་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྣེ་ཁྲིད་བྱེད་འདོད་ཡོད། ད་ལོ་ནི《ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ་65འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་པོས་དྲན་གསོའི་བྱེད་སྒོ་གཟབ་རྒྱས་གཉེར་དགོས། ཏང་གཉིས་ཀྱི་འབྲེལ་བས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པས། ཏང་གཉིས་ཀྱི་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་མཛའ་གྲོགས་འགྲོ་འོང་སྔར་བས་རྒྱ་ཆེ་དང་གསོན་ཉམས་དོད་དུ་བཏང་ནས། ཏང་བཅོས་སྐྱོང་དང་རྒྱལ་ཁབ་བཅོས་སྐྱོང་གི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་གཏིང་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་པོས་ཕྱི་འབྲེལ་དང་། ཁྲིམས་འཛིན། དམག་དཔུང་སོགས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ཐོག ང་རང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་གོང་འཕེལ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱ་དགོས།
གཉིས་པ། དམངས་ལ་ཕན་བདེ་བསྐྲུན་རྒྱུ་དམིགས་ཚད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་བྱང་ཁོ་རེ་ཡ་ཕྱོགས་དང་གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་ཉོ་ཚོང་དང་། ཞིང་ལས། འཛུགས་སྐྲུན། ཚན་རྩལ། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཡག་པ་བསྐྲུན་དགོས། ཕྱོགས་གཉིས་པོས་མཐའ་མཚམས་འགག་སྒོ་ཁྱོན་ཡོངས་ནས་སླར་གསོ་དང་དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ། རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གྱི་གཉེར་སྐྱོང་སླར་གསོ་བྱ་རྒྱུ་བཅས་གོ་སྐབས་སུ་བརྩིས་ཐོག མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་བཏང་སྟེ། ཕྱོགས་གཉིས་ཀར་ཕན་པ་ཐོབ་པ་བྱ་དགོས།
གསུམ་པ། མཛའ་བཤེས་རྒྱུན་འཛིན་སྒུལ་ཤུགས་སུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། དམངས་སེམས་འབྲེལ་མཐུད་ཀྱི་འབྲེལ་ཐག་དམ་དུ་གཏོང་དགོས། ཀྲུང་གོ་དང་བྱང་ཁོ་རེ་ཡས་ཁྲག་དྲོན་ལ་བརྟེན་ནས་གྲུབ་པར་བྱས་པའི་སྲོལ་རྒྱུན་མཛའ་བཤེས་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་བྱང་ཁོ་རེ་ཡ་ཕྱོགས་དང་མཉམ་དུ་བྱང་ཁོ་རེ་ཡར་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་ལ་མཉམ་དུ་སྲུང་སྐྱོང་ཡག་པོ་དང་དོ་དམ་ཡག་པོ་བྱེད་པ་དང་། ཁྱད་ཆོས་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་གཞོན་ནུ་ལོ་ཆུང་གི་བསམ་བློ་སློབ་གསོའི་ལས་དོན་སྤེལ་ཏེ། རྒྱལ་ཁབ་གཉིས་པོའི་གསར་བརྗེའི་གཞི་རྒྱུ་དང་སྲོལ་རྒྱུན་མཛའ་བཤེས་རྒྱུན་འཛིན་ཡག་པོ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྱང་ཁོ་རེ་ཡ་ཕྱོགས་དང་མཉམ་དུ་རང་སོའི་བཟང་ཆའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་། སློབ་གསོ་དང་། རིག་རྩལ། ཡུལ་སྐོར། ལུས་རྩལ། སྨྱན་སྦྱོར། གཞོན་ནུ། ས་གནས། མཛའ་གྲོགས་གྲོང་ཁྱེར་སོགས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲོལ་རྒྱུན་མཛའ་བཤེས་སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པ་བྱེད་འདོད་ཡོད།
བཞི་པ། དྲང་གཞག་དྲང་བདེན་གྱི་འདུ་ཤེས་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། འཐབ་ཇུས་རོགས་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས། མིའི་རིགས་གང་དུ་སྐྱོད་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་དེའི་མདུན་དུ། ང་རང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་བཏོན་ཡོད་ཅིང་། གང་དེ་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན། དེར་བྱང་ཁོ་རེ་ཡ་ཕྱོགས་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱ་ཁྱབ་ངང་རྒྱབ་སྐྱོར་དང་ལན་ཆ་ཡག་པོ་བྱས་ཡོད། ཨ་ཤེ་ཡ་ནི་ཀྲུང་གོ་དང་བྱང་ཁོ་རེ་ཡ་སོགས་ས་ཁུལ་རྒྱལ་ཁབ་ཀྱི་འཚོ་གནས་བྱ་ཡུལ་ཡིན། ཀྲུང་གོ་དང་བྱང་ཁོ་རེ་ཡ་རྒྱལ་ཁབ་གཉིས་པོས་འཐབ་ཇུས་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། རང་སོའི་བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ས་ཁུལ་གྱི་ཞི་བདེ་དང་གོང་འཕེལ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་དགོས་པ་བཅས་ཡིན།



ཅིན་ཀྲེང་ཨེན་གྱིས། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་7སོང་རྗེས་སླར་ཡང་བྱང་ཁོ་རེ་ཡར་འཚམས་འདྲིར་ཕེབས་པ་དང་། བྱང་ཁོ་རེ་ཡའི་མི་དམངས་ཀྱིས་བརྩི་འཇོག་ཆེ་ཤོས་བྱེད་པའི་སྐུ་མགྲོན་ཡིན་པས། ང་ཚོས་གྲ་རྒྱས་ཤོས་དང་སྤྲོ་སེམས་འཁོལ་ཤོས་ཀྱི་ཐོག་ནས་དགའ་བསུ་ཞུ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་འཚམས་འདྲི་ཐོག་མ་དེ་ཕོང་དབྱང་དུ་ཕེབས་པ་དེའི་ཐོག་ནས། བྱང་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་གྲོགས་པོའི་མཛའ་བཤེས་ཟབ་མོ་མཚོན་གྱི་ཡོད་ཅིང་། དེ་ནི་བྱང་ཁོ་རེ་ཡའི་ངོས་ནས་བརྗོད་ན་སྐུལ་ལྕག་ཆེན་པོ་ཞིག་ཡིན། ད་ཐེངས་ཀྱི་འཚམས་འདྲིས། ཡུན་རིང་ཉམས་སད་ཐེག་པ་དང་ཐོག་མཐའ་བར་གསུམ་དུ་རང་བདག་དང་དྲང་བདེན་གྱི་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པའི་བྱང་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བ་ནི་ཇི་འདྲའི་བརྟན་པོ་ཞིག་ཡིན་པ་སླར་ཡང་གསལ་པོར་མཚོན་ཡོད། བྱང་ཁོ་རེ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དམིགས་བསལ་རང་བཞིན་དེ་ང་ཚོ་ཁྱིམ་མཚེས་རྒྱལ་ཁབ་ཡིན་པར་ཐུག་ཡོད་ལ། དེ་བས་ཀྱང་ཕྱོགས་གཉིས་པོར་སྲོལ་རྒྱུན་གྱི་མཛའ་བཤེས་ཟབ་མོ་དང་ཐུན་མོང་གི་ཕུགས་བསམ་དད་སེམས་ལྡན་པ་མ་ཟད། གང་དེར་ཕྱོགས་གཉིས་པོས་གཅེས་འཛིན་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པར་ཡང་ཐུག་ཡོད་ཅེས་གསུངས་པ་རེད།
ཅིན་ཀྲེང་ཨེན་གྱིས། ན་ནིང་ཟླ་9པར་ང་རང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་པེ་ཅིང་དུ་མཇལ་འཛོམས་ཞུས་རྗེས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཁྱབ་ཁོངས་ཁག་ཏུ་གོང་འཕེལ་ཡག་པོ་བྱུང་བས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་བདེ་བསྐྲུན་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་བྱང་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བའི་གོང་འཕེལ་ཐད་དགོངས་འཆར་གལ་ཆེན་བཏོན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བྱང་ཁོ་རེ་ཡའི་སྡེ་ཚན་ཁག་གིས་ཀྲུང་གོ་ཕྱོགས་ཀྱི་བློ་མཐུན་དང་ལྷན་དུ་ནུས་ཤུགས་ཡོད་རྒུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་དང་། རྨང་གཞིའི་སྒྲིག་ཆས། ཚན་རྩལ། སློབ་གསོ། མི་ཆོས་རིག་གནས་སོགས་རྒྱ་ཆེའི་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ཐད་གོང་འཕེལ་གསར་པ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཏང་དབར་གྱི་ཐབས་ལམ་བརྒྱུད་དེ་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་པས་བྱང་ཁོ་རེ་ཡའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་གོང་འཕེལ་ཆེད་རྩ་ཆེའི་རོགས་སྐྱོར་མཁོ་འདོན་ཐུབ་པ་དང་། བྱང་ཁོ་རེ་ཡའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་དང་མཉམ་དུ་དེང་རབས་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རོགས་རམ་བྱས་ཡོད་ཅེས་གསུངས་པ་རེད།
ཅིན་ཀྲེང་ཨེན་གྱིས། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུ་ཁྲིད་འོག ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་ཧ་ལས་ཧང་སང་དགོས་པའི་གོང་འཕེལ་གྱི་གྲུབ་འབྲས་ཐོབ་པ་དང་། རྒྱལ་སྤྱིའི་གནས་བབ་སྔར་ལས་ལྷག་པའི་སྒོ་ནས་མཐོ་རུ་ཕྱིན་པ་མཐོང་སྐབས་བྱང་ཁོ་རེ་ཡ་ཕྱོགས་ནས་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ནི་འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་དོན་སྙིང་ཟབ་མོ་ལྡན་པ་ཞིག་ཡིན་ལ། འཛམ་གླིང་མི་དམངས་ཀྱི་རྒྱབ་སྐྱོར་དང་བསྔགས་བརྗོད་ཀྱང་ཐོབ་ཡོད། ཉེ་བའི་ལོའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དང་། བྱང་ཁོ་རེ་ཡ་ཕྱོགས་ནས་སྔ་ཕྱི་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོས་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་སྲིད་ཇུས་དང་ལངས་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡོད།དུས་རབས་གསར་པའི་བྱང་ཁོ་རེ་ཡ་དང་ཀྲུང་གོའི་བར་གྱི་མཛའ་བཤེས་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ་དེ་མི་དམངས་ཀྱི་གདམ་ག་དང་དུས་རབས་ཀྱི་དགོས་མཁོ་ཡིན་པ་དང་། བྱང་ཁོ་རེ་ཡས་སྔ་ཕྱི་བར་གསུམ་དུ་འགྱུར་བ་མི་གཏོང་བའི་འཐབ་ཇུས་ཀྱི་གདམ་ག་དང་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་ཀྱི་འདོད་ཚུལ་ཡིན། ང་ཚོས་སྔ་རྒྱུན་གཞིར་བཞག་བྱང་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་གལ་འགངས་ཆེ་ཤོས་ཀྱི་འཐབ་ཇུས་ཀྱི་བྱ་གཞག་ཨང་དང་པོར་འཇོག་རྒྱུ་ཡིན་དང་། བྱང་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བ་འདི་ཉིད་རྒྱལ་ཁབ་ཕན་ཚུན་འབྲེལ་བ་འཛུགས་པའི་མིག་དཔེ་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་ལྷོད་མེད་བྱས་ཏེ། ཐུན་མོང་ཐོག་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དར་རྒྱས་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཚའེ་ཆི་དང་ཝང་དབྱི་མཇལ་མོལ་ནང་ཞུགས་ཡོད།
