མཛོད་དགེ་རྫོང་གི་ལས་ཁུངས་ཁག་གིས་2026ལོའི་མཐོ་རྒྱུགས་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༦ ཚེས་ ༩

སྤྱི་ཟླ་6པའི་ཚེས་7ཉིན། 2026ལོའི་མཐོ་རྒྱུགས་དངོས་སུ་ལེན་འགོ་བརྩམས་པ་དང་། མཛོད་དགེ་རུ་ཆར་པ་ཟིམ་ཟིམ་བབས་མོད་སློབ་བུ་རྣམས་ཀྱི་ཕུགས་འདུན་སྙེག་པའི་འདུན་པ་འགོག་ཐབས་མེད། མཛོད་དགེ་རྫོང་སློབ་འབྲིང་གི་རྒྱུགས་ར་རུ་རྫོང་ཡོངས་ཀྱི་རྒྱུགས་སྤྲོད་སློབ་མ་481གིས་ཆར་གདུགས་བཀར་བཞིན་གོ་རིམ་ལྡན་པའི་མི་ཚེའི་འགྲན་ར་རུ་ཞུགས།

མཐོ་རྒྱུགས་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་འགན་སྲུང་བྱེད་པ་དང་། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་ལྷིང་འཇགས་དང་བག་ཕེབས་ཀྱི་རྒྱུགས་སྤྲོད་ཁོར་ཡུག་བསྐྲུན་ཆེད། མཛོད་དགེ་རྫོང་གིས་འགན་ནུས་སྡེ་ཁག་དང་སྤྱི་ཚོགས་ཀྱི་རྩ་འཛུགས། གཅེས་སེམས་ཁེ་ལས་ལ་གཅིག་གྱུར་བཀོད་འདོམས་བྱས་ཏེ། སོ་སོའི་ལས་བགོས་ལྟར་ཕྱོགས་ཡོངས་ནས་མཐོ་རྒྱུགས་ཞབས་ཞུའི་འགན་སྲུང་མ་ལག་བརྟན་པོ་བསྐྲུན།

རྒྱུགས་ལེན་པའི་སྐབས་ལ་སྤྱི་བདེ་དང་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་ལས་གནས་བརྟན་སྲུང་བྱས་ཏེ། རྒྱུགས་རའི་ཉེ་འཁོར་དུ་ཉེན་འགོག་ལམ་ཐིག་འཐེན། སྐབས་གནས་སུ་འགྲིམ་འགྲུལ་བཀག་སྡོམ་བྱས། འུར་སྒྲ་སྒྲོག་མི་རུང་བའི་རྟགས་བཀོད། ཉེ་འཁོར་གྱི་རླངས་འཁོར་དང་འགྲོ་འོང་མི་ཚོགས་ལ་ལམ་སྟོན་བྱས། སྨན་བཅོས་དང་གློག་ཤུགས་འགན་སྲུང་པས་བརྒྱུད་རིམ་ཧྲིལ་པོར་མཁོ་བསྟུན་དངོས་ཟོག་དང་སྒྲིག་ཆས་སྟ་གོན་བྱས་ནས་ཐོལ་བྱུང་གནས་ཚུལ་ཐག་གཅོད་ཀྱི་སྔོན་ཇུས་བཀོད། དུས་དང་རྣམ་པ་ཀུན་དུ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་བདེ་འཇགས་མཐོ་རྒྱུགས་ལ་རྒྱབ་རྟེན་བརྟན་པོ་བསྐྲུན།

དེ་དང་ཆབས་ཅིག་གུང་གཞོན་ཚོགས་པ་རྫོང་ཨུ་དང་ཀྲུང་གོ་སྒུལ་བདེ། རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས། རྫོང་སྤྱི་ཚོགས་ལས་དོན་པུའུ། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། སྤང་རྒྱན་མེ་ཏོག་སོགས་སྡེ་ཁག་བཅུ་ལྷག་དང་གཅེས་སེམས་ལས་ཁུངས་ཀྱིས་རྒྱུགས་རའི་ཕྱི་རུ་གཅེས་སེམས་ཞབས་འདེགས་ཞུ་གནས་བཙུགས། དེ་རུ་གཏེར་ཆུ་དང་འོ་མ། 2Bཞ་སྨྱུག །འགྱིག་སུབ། སྨྱུ་གུ་སོགས་མཁོ་བསྟུན་དངོས་ཟོག་གྱ་ནོམ་པ་གྲ་སྒྲིག་བྱས་ཡོད། དང་བླངས་པ་ཚོས་སྤྲོ་སེམས་འཁོལ་བའི་ངང་རྒྱུགས་སྤྲོད་སློབ་མར་དངོས་ཟོག་སྐྱེལ་བ་དང་བཀྲ་ཤིས་ཁ་གཡང་བརྗོད། ལྷག་བསམ་རྣམ་དག་གིས་སློབ་མའི་རྒྱུགས་སྤྲོད་ཀྱི་སེམས་ཁམས་ལྷོད་ལ་ཕབ་སྟེ་སློབ་མ་རྣམས་བག་ཕེབས་ཀྱིས་རྒྱུགས་ལ་ཞུགས་པར་ཡིད་ཆེས་དང་སྟོབས་ཤུགས་བསྩལ།

མཐོ་རྒྱུགས་ལེན་མགོ་བརྩམས་པའི་ཉིན་དེར་ཀྲུང་གོ་རྡོ་སྣུམ་སི་ཁྲོན་མིན་ཅང་ཕྱིར་ཚོང་ཡན་ལག་ཀུང་སིའི་དང་བླངས་པ་མཚོ་འཕགས་སྨི་3400ལྷག་ཡོད་པའི་མཛོད་དགེ་སློབ་འབྲིང་དུ་འབྱོར། ཁོ་ཚོས་བསྟུར་མར་ལོ་8ལ“སློབ་སྐྱོར་གྱི་འགྲུལ་བཞུད་དུ་གཅེས་སེམས་རྒྱུགས་སྤྲོད་ལ་འགན་སྲུང་བྱེད”ཅེས་པའི་སྤྱི་ཕན་བྱེད་སྒོ་སྤེལ། སྦྱོར་བ་དངོས་ལ་བརྟེན་ནས་བརྩེ་སེམས་དང་སྙིང་སྟོབས་དར་སྤེལ་བཏང་། ཀུང་སིའི་ཁོངས་གཏོགས་ཀྱི་ཧུང་ཀོང་དང་ཅིའུ་ཅང་སྣུམ་སྣོན་ས་ཚིགས་གཉིས་ཀྱིས་མཐོ་རྒྱུགས་ཆེད་གཏོགས་ཀྱི་ལྗང་མདོག་བགྲོད་ལམ་བཏོད་དེ། རྒྱུགས་སྐྱེལ་རླངས་འཁོར་ལ་སྣུམ་བླུག་ནས་སློབ་མ་རྣམས་བདེ་བླག་ངང་རྒྱུགས་རར་འབྱོར་བར་འགན་སྲུང་བྱས།

རྒྱུས་ལོན་པ་ལྟར་ན། 2026ལོར་མཛོད་དགེ་རྫོང་དུ་བསྡོམས་པས་མཐོ་རྒྱུགས་ལེན་གནས་1དང་ཚད་ལྡན་ཅན་གྱི་རྒྱུགས་ར་18ཡོད། དེ་རུ་སྤྱི་སྤྱོད་སྐད་ཡིག་གི་རྒྱུགས་ར་4དང་ཁ་གཏད་རྒྱུགས་ར་1། མི་རིགས་སྐད་ཡིག་གི་རྒྱུགས་ར་13བཀོད་སྒྲིག་བྱས་ཡོད། མིག་སྔར་སྡེ་ཁག་སོ་སོས་མཐུན་སྦྱོར་དང་སྤྱི་ཚོགས་ལས་རིགས་ཁག་གི་གཞོགས་འདེགས་འོག །རྫོང་ཡོངས་ཀྱི་མཐོ་རྒྱུགས་ལས་དོན་ཁག་རྩ་འཛུགས་ནན་ལ་གོ་རིམ་ལྡན་པའི་སྒོས་སྤེལ་མུས་རེད།