གསར་བརྗེའི་རྟེན་གཞིས་དུས་རབས་ཀྱི་ལེའུ་གསར་པ་རྩོམ་བཞིན་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། དབང་འདུས། བསྟན་འཛིན་དབང་རྒྱལ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༦ ཚེས་ ༨

ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་འཚོལ་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་ཐབས་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་གཏན་འཁེལ་བྱས་ཡོད། ལོ་ངོ་105ཡི་ཚུན་དུ། ཀྲུང་གོ་གུང་ཁྲན་ཏང་གིས་སྔ་ཕྱི་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཏེ། རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་མིའི་རིགས་ཀྱི་གོང་འཕེལ་ལོ་རྒྱུས་ཐོག་ངོ་མཚར་ཆེ་བའི་ལེའུ་བཏོད་ཡོད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱ་རྒྱུར་སྔར་བྱུང་མྱོང་མེད་པའི་འོད་སྟོང་འཕྲོ་བའི་མདུན་ལྗོངས་མངོན་པར་བྱས་ཡོད།

མུ་འབྲེལ་གསར་འགྱུར། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས། བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུར་འབད་པས་བསྐྱོད་ཅེས་པ་ལས། ང་དང་མཉམ་དུ་གསར་བརྗེའི་གནས་མཆོག་ཏུ་བསྐྱོད་དེ་གསར་བརྗེའི་རྟེན་གཞིར་དམག་འཁྲུག་གི་མེ་ལྕེ་འབར་བ་ནས་བསྐལ་བཟང་རྫོགས་ལྡན་གྱི་དེང་གི་དུས་སུ་འཕོ་འགྱུར་དང་། ཏང་གི་འགོ་ཁྲིད་འོག་ས་གནས་ཁག་གིས་དཀའ་ངལ་ཁྱད་བསད་དང་དམངས་ཕྱུག་ལས་དར་གྱི་སྤྱིར་བཏང་མ་ཡིན་པའི་གྲུབ་འབྲས་གཏོད་པར་མྱོང་རོལ་བྱེད། དེ་རིང་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་མིའི་ཕུགས་འདུན་འགོ་འཛུགས་སའི་ས་ཆ་སྟེ། ཧྲང་ཧའེ་དང་ཀྲེ་ཅང་ཅ་ཤིང་དུ་བསྐྱོད་རྒྱུ་ཡིན།

མིག་སྔར། རྩ་བ་དང་གཟི་བརྗིད་ཅེས་པའི་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་གི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དེ་ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཁུལ་གྱི་ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་གི་ཆེད་དོན་འགྲེམས་ཁང་དུ་འགྲེམས་བཞིན་ཡོད། རྩ་ཆེའི་གསར་བརྗེའི་རིག་དངོས་དང་ཚད་ལྡན་ཡིག་ཆ་རེ་རེའི་ཐོག་ནས་གནམ་འདེགས་ས་གཤགས་ཀྱི་སྤྱིར་བཏང་མིན་པའི་ལོ་ཟླར་ཐུན་མོང་ཐོག་བདེན་དཔང་བྱེད་བཞིན་ཡོད།

ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི། འགོ་འཛིན་ཁྲེན་དབྱིན་ཧྭ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རེའི་ཏང་གི་ལོ་རྒྱུས་ཧྲིལ་པོ་ཀྲུང་གུང་ཚོགས་ཆེན་དང་པོ་ནས་འགོ་བཙུགས་པ་ཞིག་ཡིན་པས། ང་ཚོ་ས་ཐག་རིང་པོ་གང་དུ་སླེབས་ནའང་ཐོག་མར་རྡོག་ཐོན་བྱེད་ས་བརྗེད་མི་རུང་ཞེས་ནན་སྟོན་གནང་ཡོད། དུས་རབས་གསར་པར་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས། ཀྲུང་གུང་ཚོགས་ཆེན་དང་པོ་ཚོགས་ཡུལ་ནི་གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་ཡིན་ཞིང་། དུས་དང་རྣམ་པ་ཀུན་ཏུ་ང་ཚོ་གང་ནས་ཡོང་བ་དང་རྩ་བ་གང་དུ་ཡོད་པར་དྲན་སྐུལ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།

ཀྲུང་གུང་ཚོགས་ཆེན་དང་པོ་ཚོགས་ཡུལ་དང་ཅ་ཤིང་ནན་ཧུའུ་མཚེའུ་ཡི་གྲུ་དམར་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཕུགས་འདུན་འགོ་འཛུགས་སའི་ས་ཆ་ཡིན་པ་དང་། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་འཚོལ་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་ཐབས་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡང་གནས་དེ་ནས་གསོ་སྤེལ་བྱས་ཡོད།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལོ་ངོ་བརྒྱའི་གོང་། ཀྲུང་གོ་གུང་ཁྲན་ཏང་གི་སྔོན་བྱོན་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ཤིང་། བདེན་དོན་རྒྱུན་འཁྱོངས་དང་། ཕུགས་བསམ་བརྟན་སྲུང་། ཐོག་མའི་བསམ་འདུན་ལག་བསྟར། འགན་འཁྲི་ཁྲག་ཏུ་འཁུར་བ། འཆི་རྒྱུར་མི་སྐྲག་པ། དཔར་ངར་ཆེན་པོས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་བཅས་ཀྱི་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་ཆགས་ཡོད། འདི་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་འབྱུང་རྩ་ཡིན་ཞེས་ནན་སྟོན་གནང་ཡོད།

རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བཏང་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཆེའི་བསམ་པའི་སྒུལ་ཤུགས་བསྣན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་སྟེ། རང་རྒྱལ་འདི་ཉིད་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་ལམ་གསར་པའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

ཏང་དབུ་བརྙེས་སའི་ས་གནས་ཏེ་ཧྲང་ཧའེ་རུ། ལྟེ་བ་ལྔ་ཞེས་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཧྲང་ཧའེ་གྲོང་ཁྱེར་ལ་འཛིན་པའི་སྤྱིའི་ངེས་གནས་ཤིག་ཡིན། ད་ཆའི་ཧྲང་ཧའེ་རུ། རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་རྩ། ཉོ་ཚོང་། མཁའ་འགྲུལ་སྐྱེལ་འདྲེན་ལྟེ་གནས་བཅས་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་། རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ཀྱི་ལྟེ་བའི་སྒྲོམ་གཞི་གཞི་རྩའི་ཆ་ནས་ཆགས་ཡོད་ཅིང་། གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ཟམ་མི་ཆད་པར་ཤུགས་ཆེར་འགྲོ་བ་དང་། གསར་གཏོད་ཇུས་ཁོངས་ཀྱི་ནུས་པ་རྒྱུན་མཐུད་ངང་མཐོ་རུ་འགྲོ་བཞིན་ཡོད། ཀྲང་ཅང་ཚན་རྩལ་གྲོང་དང་G60ཚན་རྩལ་གསར་གཏོད་བར་ཁྱམས་ནས་ཡང་ཕུའུ་ཚན་རྩལ་གསར་གཏོད་རྒྱུད་དང་ཞུས་ཧུའེ་དབྱིབས་མྱུར་བར་མཐོངས་བར་སོགས་ཧྲང་ཧའེ་ཉིད་གོ་ལ་ཧྲིལ་པོའི་ཚན་རྩལ་ཁྱུ་ཚོགས་རྩེ་གྲའི་ཁྲོད་བང་རིམ་མདུན་གྲལ་དུ་སླེབས་ཀྱི་ཡོད་པ་དང་། རྒྱལ་ཐོན་གྱི་གནམ་གྲུ་ཆེན་པོ་དང་གྲུ་གཟིངས་ཆེན་པོ། ཀྲུང་གོའི་བཟོ་སྐྲུན་ཆུ་ཚད་མཐོ་ཤོས་ཀྱི་ཨང་དང་པོ་མང་པོ་ཞིག་ཟམ་མི་ཆད་པར་ཧྲང་ཧའེ་རུ་ཐོན་བཞིན་ཡོད།

དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་དུས་མཚུངས། ཧྲང་ཧའེ་ཡིས“མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ནས་འཛུགས་སྐྲུན་དང་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་བསྐྲུན་པའི”འདུ་ཤེས་གལ་ཆེན་ལག་ལེན་བསྟར་ནས། ཐོན་ཁུངས་ཡག་ཤོས་དེ་དག་མི་དམངས་ལ་འཇོག་པ་དང་། སྤུས་ལེགས་ཀྱི་མཁོ་སྤྲོད་ལ་བརྟེན་ནས་མི་དམངས་ལ་ཞབས་འདེགས་ཞུ་བཞིན་ཡོད། སྡེ་ཁུལ་རྙིང་ཆུང་ཉམས་གསོ་སྒྱུར་བཀོད་བྱེད་པ་ནས་སྡེ་ཁུལ་ཟ་ཁང་སྐྲུན་པའི་བར་དང་། གད་སྙིགས་རིགས་དབྱེ་བ་ནས་མེ་ཏོག་ལྡུམ་རའི་གྲོང་ཁྱེར་འཛུགས་སྐྲུན་དང་། ཧོང་ཕུའུ་ཅང་གཙང་པོ་དང་སུའུ་ཀྲོའུ་ཧོ་ཆུ་བོའི“གཙང་པོ་གཅིག་དང་ཆུ་བོ་གཅིག”སྒྱུར་བཀོད་བྱེད་པའི་བར། ཧྲང་ཧའེ་གྲོང་ཁྱེར་གྱིས་མེ་ཏོག་གཙག་དྲུབ་ལྟ་བུའི་ཞིབ་ཚགས་ལ་བརྟེན་ནས། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་བཞིན་ཡོད།

ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཁུལ་ཏ་ཕུའུ་ཆའོ་ཁྲོམ་གཞུང་གི་གྲོང་མི་ཞིག་གིས། ང་ཚོ་རྒན་རྒོན་ཚོར་མྱོང་ཚོར་ཧ་ཅང་ཟབ་མོ་འདུག་ལ་སེམས་ནང་དགའ་ཚོར་ཡང་ཆེན་པོ་འདུག རླབས་ཆེན་གྱི་དུས་རབས་འདིར་འཚོ་བ་སྐྱེལ་རྒྱུ་བྱུང་བས། ང་ཚོ་དངོས་གནས་བསོད་ནམས་ཆེ་བ་དང་བདེ་སྐྱིད་ལྡན་པ་ཞིག་རེད་འདུག་ཅེས་བརྗོད་ཀྱི་ཡོད།

ཀྲེ་ཅང་ཅ་ཤིང་གིས་ཐོག་མའི་བསམ་འདུན་ལ་དམིགས་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུ་དེ་ཀྲེ་ཅང་གིས་ཧྲང་ཧའེ་དང་སྦྲེལ་མཐུད་བྱེད་པའི“ཟམ་སྣེ”ལྟ་བུར་བརྩིས་ནས། འབྲི་ཆུའི་ཟུར་གསུམ་གཞི་གཅིག་ཅན་གྱི་སྤུས་མཐོའི་གོང་འཕེལ་གྱི་ལེའུ་གསར་པའི་ནང་མཉམ་ཞུགས་གཏིང་ཟབ་བྱེད་བཞིན་ཡོད། 2025ལོར། ཅ་ཤིང་གི་གྲོང་གསེབ་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་54939ཟིན་ནས། ལོ་22བསྟུད་མར་ཀྲེ་ཅང་ཞིང་ཆེན་གྱི་ཨང་དང་པོར་གནས་ཡོད། ཅ་ཤིང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་1.5ལས་བརྒལ་ནས། རྒྱལ་ཡོངས་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་གྲོང་ཁྱེར་རྩེ་གྲ་བརྒྱའི་མདུན་གྱི་ཨང་20ཡི་ནང་ཚུད་ཡོད། རིམ་རྩིས་བྱས་ན་རྒྱལ་ཁབ་རིམ་པའི་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་རྩེ་གྲ་243གསོ་སྤེལ་བྱས་ནས། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་གྲལ་སྟར་དང་པོའི་ནང་བརྟན་པོར་གནས་ཡོད།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཚན་ཞིབ་པུའི་ཀྲུའུ་རེན་གཞོན་པ་ཧུང་ཤང་ཧྭ་ཡིས། ཏང་ཡོན་50ལྷག་ཙམ་ནས་ཏང་ཡོན་དུང་ཕྱུར་གཅིག་ལྷག་ཙམ་བར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད། ལོ་ངོ་105ཡི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཐོག རླབས་ཆེའི་ཏང་འཛུགས་སྙིང་སྟོབས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ལོ་རྒྱུས་དེབ་ཐེར་ནང་འགོད་ཆོག་པའི་མི་ཡུལ་གྱི་ངོ་མཚར་གཅིག་མཇུག་གཉིས་མཐུད་ངང་བཏོད་པ་དང་། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་བ་ནས་སྟོབས་ཆེར་གྱུར་བའི་རླབས་ཆེན་གྱི་མཆོང་སྐྱོད་བྱུང་ཡོད། དུས་རབས་གསར་པར་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བློ་སེམས་གཅིག་སྒྲིལ་དང་བླ་སྲོག་གཏོད་པ་དང་། བསམ་བློའི་མཚོན་ཆ་སྟོབས་ཆེན་དེ་ཡག་པོ་སྤྱད་དེ་རླབས་ཆེན་གྱི་ལག་ལེན་ལ་མཛུབ་ཁྲིད་བྱེད་པ་དང་སྐུལ་འདེད་གཏོང་བ། ཉེན་ཁའི་མདུན་དུ་འཐབ་རྩོད་བྱེད་ཕོད་པ་དང་འགྲན་སློང་མདུན་དུ་འགག་གཏོར་བྱེད་མཁས་པ། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་པ། སེམས་ཤུགས་འདང་ངེས་ཀྱི་ཐོག་ནས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་རྣམ་པ་གསར་པ་གཏོད་དགོས་ཞེས་བརྗོད་ཡོད།

རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བཏང་ནས། དུས་རབས་གསར་པའི་ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་ཁྱབ་ཁོངས་ཁག་ལ་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་བཞིན་ཡོད།

ད་ཆའི་ཀྲུང་གོ་འདི་ཉིད། དཔལ་འབྱོར་སྤྱི་འབོར་འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་གནས་པ་དང་། དངོས་ཟོག་ཉོ་ཚོང་གི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཡོང་རྒྱུར་རྒྱུན་མཐུད་སྐུལ་ཁྲིད་བྱེད་བཞིན་ཡོད།

ད་ཆའི་ཀྲུང་གོ་འདི་ཉིད། གསར་གཏོད་ནུས་པ་ཆེ་རུ་འགྲོ་མགྱོགས་ཤོས་ཀྱི་དཔལ་འབྱོར་མ་ལག་གི་གྲས་སུ་གྱུར་བ་དང་། ཕྱོགས་བསྡུས་གསར་གཏོད་ནུས་པ་གོ་ལ་ཧྲིལ་པོའི་ཨང་9པར་སླེབས་ཡོད། “ཟླ་བའི་ལྷ་མོ”རྟགས་ཅན་གྱིས་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པ་ནས“འབད་འཐབ་པ”རྟགས་ཅན་གྱིས་མཚོ་གཏིང་དུ་འཛུལ་བའི་བར། རྒྱལ་ཁབ་ཆེན་པོའི་ལག་ཆ་གལ་ཆེན་ཁག་གཅིག་བསྟུད་མར་འགག་གཏོར་ཐུབ་ཡོད། རང་རྒྱལ་གྱི་ཞིབ་འཇུག་གསར་སྤེལ་མི་སྣའི་བསྡོམས་འབོར་དང་གོ་ལ་ཧྲིལ་པོའི་གསར་གཏོད་ཚོགས་པ་སྟོབས་ཆེན་བརྒྱའི་ནང་གི་གྲངས་འབོར་གཉིས་ཀ་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་ཅིང་། འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་གྱི་ཕྱོགས་སུ་མགྱོགས་མྱུར་སྐྱོད་བཞིན་ཡོད།

ད་ཆའི་ཀྲུང་གོར། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་མ་ལག་བཅས་བསྐྲུན་ཟིན་པས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་ཚོར། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཆེ་རུ་དང་སྔར་བས་འགན་སྲུང་ལྡན་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཡོད།

ད་ཆའི་ཀྲུང་གོ་འདི་ཉིད། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཟིན་པ་དང་། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་ཅིང་། མི་དམངས་དུང་ཕྱུར་14ལྷག་ཙམ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད།

ལོ་བརྒྱའི་ཏང་ཆེན་པོ་དར་རྒྱས་འགྲོ་བཞིན་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་སྔར་བས་ལེགས་པ་གཏོང་བ་དང་། ཐོག་མའི་བསམ་འདུན་ལ་འགྱུར་བ་མེད་པ་དང་གོམ་སྟབས་མཚམས་འཇོག་མེད་པར། དེ་བས་ཕུལ་བྱུང་གི་གྲུབ་འབྲས་གཏོད་པ་དང་། དེ་བས་ཆེ་བའི་འོད་སྟོང་གསར་པ་གཏོད་རྒྱུ་ཡིན་པ་རེད།