ཟུང་ཆུ་རྫོང་གིས་བྲུག་འགོག་འདམ་རུད་འགོག་པ་སོགས་ཀྱི་ཕྱོགས་བསྡུས་མཁོ་བསྟུན་འཁྲབ་སྦྱོང་སྤེལ།

ཟུང་ཆུ་རྫོང་གདོང་སྣ་ཡུལ་ཚོས་ཞིན་ཐང་ཀོན་ཤྭ་འོད་འདམ་རུད་ལུང་པར་བྲུག་འགོག་དང་འདམ་རུད་འགོག་པ། ས་གཤིས་གནོད་འཚེ་འགོག་པ་སོགས་ཀྱི་ཕྱོགས་བསྡུས་མཁོ་བསྟུན་འཁྲབ་སྦྱོང་སྤེལ། ཡུལ་ཚོ་དེའི་མཁོ་བསྟུན་བཀོད་འདོམས་པུའུ་དང་། མངགས་གཏོང་ཁང་། འཕྲོད་བསྟེན་ཁང་། མྱུར་བགྲོད་ཨར་བསྐྲུན་ཚད་དུམ། དེ་མིན་ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་ཁག་གི་མང་ཚོགས་བརྒྱ་ཕྲག་ལ་ཉེ་བ་འཁྲབ་སྦྱོང་དུ་ཞུགས་ཏེ། དངོས་འཐབ་ཀྱི་དཔེ་རྣམ་ལ་བརྟེན་ནས་མཁོ་བསྟུན་ཐག་གཅོད་ཀྱི་ནུས་པར་བརྟག་བཤེར་བྱས།

འཁྲབ་སྦྱོང་དེ་ཉིན་བསྟུན་མར་ཆར་པ་དྲག་པོ་བབས་པས། ཆུ་ལོག་དང་འདམ་རུད། རི་ངོས་རྡིབ་པའི་གནས་ཚུལ་བྱུང་བ་ལྟར་ལད་མོ་བྱས། མངོན་མེད་རྐྱེན་ངན་ལྟ་ཞིབ་ཚད་ལེན་པས་རི་ངོས་བརྟན་པོ་མེད་པར་ཆགས་པ་དང་ལུང་ཆུ་རྙོག་པར་གྱུར་པ་སོགས་ཀྱི་ཉེན་ཁའི་གནས་ཚུལ་ཤེས་རྟོགས་བྱུང་འཕྲལ་གང་མགྱོགས་ངང་ཡར་ཞུ་བྱས། ཡུལ་ཚོའི་མཁོ་བསྟུན་བཀོད་འདོམས་པུའུ་ཡིས་མཁོ་བསྟུན་དང་ལེན་བྱེད་མགོ་བཟུང་བ་དང་“གནས་ཚུལ་ལྔ་ལ་དམིགས་ནས་ཉེན་ཁ་སྔོན་འགོག་དང་སྔ་སེ་ལྔ་དམ་འཛིན་བྱས་ནས་བདེ་འཇགས་འགན་ལེན་བྱེད་པའི”འགོག་སྲུང་མ་ལག་ལ་བརྟེན་ཏེ། ཕྱོགས་ཡོངས་བས་མཁོ་བསྟུན་ཐག་གཅོད་སྤེལ།

འཁྲབ་སྦྱོང་དེ“ཆར་ཆུ་མོད་པའི་གནས་ཚུལ་དང་། ཆུ་བྲུག་པའི་གནས་ཚུལ། ཉེན་ཁའི་ཚུལ། གནོད་འཚེའི་གནས་ཚུལ། གླེང་ཕྱོགས་ཀྱི་གནས་ཚུལ”བཅས་ཀྱི་ཉེན་ཁ་རིགས་ལྔ་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་བྱས་ནས“སྔ་སེ་ནས་ཤེས་རྟོགས་དང་། སྔ་སེ་ནས་ཉེན་བརྡ་གཏོང་བ། སྔ་སེ་ནས་ཕྱིར་འཐེན་བྱེད་པ། སྔ་སེ་ནས་དོ་དམ་ཚོད་འཛིན་བྱེད་པ། སྔ་སེ་ནས་ཐག་གཅོད་བྱེད་པ"བཅས་ཀྱི་ལས་དོན་རེ་འདུན་ལག་ཏུ་བསྟར། ལྟ་ཞིབ་ཚད་ལེན་དང་སྔོན་རྟོག་ཚོགས་ཆུང་གིས་ཆར་ཆུ་འབབ་ཚད་དང་། ཆུ་རྐ་ཡི་ཆུ་གནས། རི་ངོས་ནས་ས་རྡོ་ལྷུང་བའི་མངོན་མེད་རྐྱེན་ངན་བཅས་ལ་དུས་ལྟར་དུ་རྗེས་སྙེག་བྱེད་པ་དང་། ཉེན་སེལ་རོགས་སྐྱོབ་དང་མི་སྣ་སྤོ་སྒྱུར་ཆེད་དོན་ཚོགས་པས་མི་སྣ་དང་། ཁང་པ། བགྲོད་ལམ་བཅས་ལ་གཏོར་སྐྱོན་ཕོག་པའི་གནས་ཚུལ་ལ་རིམ་པ་བཞིན་དུ་གྲལ་བཤེར་བྱེད་པ། རྗེས་འཇུག་བཀོད་སྒྲིག་ཚོགས་ཆུང་གིས་མང་ཚོགས་ལ་སེམས་གསོ་དང་གླེང་ཕྱོགས་ལ་ཁྲིད་སྟོན་ཡག་པོ་བྱེད་པའོ། །

ཐག་གཅོད་ཀྱི་གོ་རིམ་དུ། ཡུལ་ཚོ་དང་གྲོང་ཚོའི་ལས་བྱེད་པ་དང་ལྟ་ཞིབ་ཚད་ལེན་པས་སྔོན་ལ་དོལ་ཐབས་རྣམ་པས་མངོན་མེད་རྐྱེན་ངན་སྐོར་ཞིབ་བྱས། ཉེན་ཁའི་གནས་ཚུལ་གཏན་འཁེལ་པ་ན། “གྲོང་ཚོ་ནས་གྲོང་ཚོར་བསྒྲགས་པ”དང་། འཁར་རྔ་བརྡུངས་པ། སྐད་འཕྲིན་ཚོགས་པ་སོགས་ཐབས་ལམ་མང་པོར་བརྟེན་ནས་མགྱོགས་མྱུར་ངག་ཉེན་བརྡ་བཏང་། ལས་དོན་མི་སྣ་ཁྱིམ་ཚང་རེ་རེར་ཕྱིན་ནས་མང་ཚོགས་ལ་ཕྱིར་འཐེན་བྱེད་པའི་བརྡ་ཐོ་བཏང་བར་མ་ཟད། ཆེད་ལས་མི་སྣ་བཀོད་བསྒྲིགས་ཀྱིས་རྒན་རྒོན་དང་ཉམས་ཞན། ནད་པ། དབང་པོ་སྐྱོན་ཅན་སོགས་ལ་རོགས་སྐྱོབ་ཀྱི་བྱ་བ་སྤེལ་ཏེ། མི་སྣ་སྤོ་བསྒྱུར་གྱི་བྱ་བ་བདེ་བླག་ངང་བསྒྲུབས། བདེ་འཁོད་མི་སྣས་ཉེན་ཁ་ཆེ་བའི་ལམ་དུམ་དུ་འགོག་སྲུང་བཙུགས་ནས་དོ་དམ་ཚོད་འཛིན་བྱས་པ་དང་། ཉེན་སེལ་རོགས་སྐྱོབ་ཚོགས་ཆུང་དང་མྱུར་བགྲོད་ཚད་དུམ་རོགས་སྐྱོབ་རུ་ཁག་གཉིས་མཉམ་འགུལ་བྱས་ཏེ། རི་ཉིལ་བའི་ལམ་དུམ་ཤར་གཏོང་ཐུབ་པར་བྱས་པ་དང་། འགྲམ་ངོས་བརྟན་དུ་གཏོང་བ། ཆུ་རྐ་གཤོང་བ་བཅས་བྱས། སྨན་བཅོས་ཉེན་སྐྱོབ་ཚོགས་ཆུང་གིས་ཡུལ་དངོས་ནས་རྨས་སྐྱོན་ཕོག་པར་རྨ་བཅོས་བྱེད་པ་སོགས་བྱས། མང་ཚོགས་རྣམས་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་པ་ན་འཚོ་བའི་དངོས་ཟོག་འགན་ལེན་དང་བདེ་ཐང་དུག་གསོད་སོགས་ཀྱི་ལས་དོན་དུས་མཉམ་དུ་ལག་བསྟར་བྱས།

འཁྲབ་སྦྱོང་དེ་ཆུ་ཚོད་གཉིས་ཙམ་གྱི་ཡུན་ལ་བྱས་པ་དང་བརྒྱུད་རིམ་ཧྲིལ་པོར་ཚད་གཞི་དང་གོ་རིམ་ལྡན་པས། ཡུལ་ཚོ་དང་གྲོང་ཚོ་རིམ་པ་གཉིས་དང་སྲིད་གཞུང་དང་ཁེ་ལས་མཉམ་སྒྲུབ་ཀྱི་མཁོ་བསྟུན་ལམ་སྲོལ་ནུས་ལྡན་ངང་མཐུན་འགྲིག་བྱས་པ་དང་མང་ཚོགས་ཀྱི་ཉེན་གཡོལ་རང་སྐྱོབ་ཀྱི་སྟོབས་ཤུགས་ཇེ་ཆེར་བཏང་། མ་འོངས་པར་གདོང་སྣ་ཡུལ་ཚོས“གནས་ཚུལ་ལྔ་དང་སྔ་སེ་ལྔ”ཡི་ལས་དོན་བྱ་ཐབས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་རྒྱུན་རྣམ་ཅན་དུ་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། མཁོ་བསྟུན་འཁྲབ་སྦྱོང་། བདེ་འཇགས་དྲིལ་བསྒྲགས་བཅས་བྱས་ཏེ། ཆུ་བྲུག་དུས་ཀྱི་སྐབས་སུ་མི་སྣ་ཤི་རྨས་མི་འབྱུང་བའི་བདེ་འཇགས་ཀྱི་མཐའ་ཐིག་བསྲུང་ངེས་སོ། །
