སན་ཤིང་ཏུའེ་ནས་རིག་དངོས་གསར་པ་ཁག་ཅིག་རྙེད་འདུག
སི་ཁྲོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་ཁང་གིས་ཟླ་6ཚེས་2ཉིན་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་ཁྱབ་བསྒྲགས་བྱས་པ་སྟེ། སན་ཤིང་ཏུའེ་ནས་ཐོན་པའི་རྡོ་བེལ་སྣབས་ཀྱིས་སྔ་དུས་ཀྱི་ཀྲུང་གོའི་ས་ཁོངས་ལས་བརྒལ་བའི་སྤེལ་རེས་ལ་བདེན་དཔང་བྱས་པ་དང་། ཀྲུང་གོའི་ལི་ཆས་དུས་རབས་ཀྱི་ཉོ་ཚོང་དྲ་རྒྱ་དང་རིག་གནས་མཉམ་འགུལ་གསལ་སྟོན་བྱས་ཡོད།

ཞིབ་འཇུག་དེའི་ནང་ཞུགས་མཁན་སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ལིའུ་ཅན་ཁྲེང་གིས། སན་ཤིང་ཏུའེ་མཆོད་འབུལ་དོང་ལས་རྡོ་བེལ་སྣབས་སེར་སྐྱ་11ཐོན་པ་དང་། ལོ་རབས་ནི་ཧ་ལམ་སྤྱི་ལོའི་སྔོན་གྱི་ལོ་1200ནས་སྤྱི་ལོའི་སྔོན་གྱི་ལོ་1000བར་ཡིན་ཞིང་། ཁག་སོ་སོར་དོང་ཨང་2པ་བཞི་ཐོན་པ་དང་། དོང་ཨང་5པ་ནས་གཅིག་ཐོན་པ། དོང་ཨང་7པ་ནས་གཉིས་ཐོན་པ། དོང་ཨང་8པ་ནས་བཞི་ཐོན་ཡོད། དེ་དག་ལས་རྡོ་བེལ་སྣབས་ཀྱི་རྒྱུ་ཆ་དང་རྒྱན་ཆའི་རིགས་ཨ་ཤེ་ཡ་ཤར་མའི་ས་ཁུལ་གྱི་འབྱུང་ཁུངས་ཁྱབ་སྤེལ་བསྐྱར་དུ་འཛུགས་ཆེད་བདེན་དཔང་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་གནང་ཡོད།

གནའ་རྫས་རྟོག་ཞིབ་པས་སན་ཤིང་ཏུའེ་ནས་ཐོན་པའི་རྡོ་བེལ་སྣབས་སེར་སྐྱ་ལ་གཞི་རྒྱུ་ཕྲ་རབ་ཀྱི་དབྱེ་ཞིབ་བྱས་པས། དེ་དག་གི་རྒྱུ་ཆ་རང་ས་ཆ་ནས་ཐོན་པ་ཞིག་མ་ཡིན་པར་སི་ཁྲོན་གཤོང་སའི་བྱང་ངོས་ཀྱི་སྤྱི་ལེ་1000ལྷག་ཙམ་ཡོད་པའི་རི་བོ་ཡན་ཧྲན་གྱི་རི་རྒྱུད་དང་དེའི་བྱང་རྒྱུད་ས་ཁོངས་ནས་ཐོན་པ་ཤེས་རྟོགས་བྱུང་ཡོད། དུས་མཚུངས་སུ་ཞིབ་འཇུག་མི་སྣས་ད་དུང་ཀན་སུའུ་དང་། ཧྲའན་ཞི། པེ་ཅིང་བཅས་དུས་སྐབས་གཅིག་མཚུངས་སུ་ཐོན་པའི་རྡོ་བེལ་སྣབས་དང་དཔྱད་བསྡུར་བྱས་མཐར་རིན་པོ་ཆེ་འདི་དག་ལ་ཡང་བྱང་ཕྱོགས་ནས་ཐོན་པའི་རྒྱུ་ཆའི་ཁྱད་ཆོས་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅིང་། དེའི་ཐོག་ནས་སྤྱི་ལོའི་སྔོན་གྱི་ལོ་1500ནས་སྤྱི་ལོའི་སྔོན་གྱི་ལོ་1000བར་དུ་རྒྱ་ཆེ་ཞིང་ཡུན་རིང་བའི་ཉོ་ཚོང་སྤེལ་རེས་དྲ་བ་ཞིག་ཆགས་ཡོད་པ་དེས་སོག་པོའི་མཐོ་སྒང་གི་ལྷོ་རྒྱུད་དང་། ས་སེར་མཐོ་སྒང་། མཚོ་བོད་མཐོ་སྒང་གི་ཤར་རྒྱུད། ཀྲུང་ཡོན་ས་ཁུལ་དང་། དེ་བཞིན་སི་ཁྲོན་གཤོང་ས་བཅས་སུ་ཁེབས་པ་གསལ་བཤད་བྱས་ཡོད།

སྤྱི་ལོའི་སྔོན་གྱི་ལོ་1000ལྷག་ཙམ་རིང་། རང་རྒྱལ་གྱི་ཀྲོའུ་ནུབ་མའི་དུས་སྐབས་ཀྱི་རིམ་པ་མཐོ་བའི་བང་སོའི་ནང་རྡོ་བེལ་སྣབས་འབོར་ཆེན་ཞིག་གློ་བུར་དུ་ཐོན་པ་དེ་སྤྱི་ཚོགས་ཀྱི་རིམ་པ་དང་རིག་གནས་ཐོབ་ཐང་གི་མཚོན་རྟགས་སུ་བརྩི་གི་ཡོད། སན་ཤིང་ཏུའེ་མཆོད་འབུལ་དོང་ལས་ཐོན་པའི་རིག་དངོས་ནི་ཟངས་ཆས་དང་གསེར་ཆས། གཡུ་ཆས། བ་སོ་སོགས་རྩ་ཆེའི་མཆོད་འབུལ་དངོས་རྫས་ཤ་སྟག་ཡིན། སྤུས་ཀ་དག་པའི་རྡོ་བེལ་སྣབས་སེར་སྐྱ་དང་གོང་གསལ་དངོས་རྫས་དེ་དག་མཉམ་དུ་སན་ཤིང་ཏུའེ་ཡི་མཆོད་འབུལ་དོང་ལས་ཐོན་པ་དེའི་ཐོག་ནས་སྐབས་དེའི་གནའ་བོའི་ཧྲུའུ་རྒྱལ་ཁབ་ཀྱི་ཕུལ་བྱུང་རིམ་གྲས་ལ་ལེ་དབར་སྟོང་གི་ཕྱི་རོལ་གྱི་རིན་ཐང་ཆེ་བའི་དངོས་རྫས་རྩ་ཆེན་ཐོབ་ཐུབ་པ་མ་ཟད། བརྗེ་རེས་བྱ་ཚུལ་དེ་ཡང་གོ་གནས་དང་སྙན་གྲགས་ཀྱི་མངོན་ཚུལ་ཞིག་ཡིན་པ་མཚོན་ཐུབ།


