ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་དང་པོའི་རྗེས་དྲན་ཁང་དང་ནན་ཧུའུ་གསར་བརྗེའི་རྗེས་དྲན་ཁང་གི་ན་ཆུང་གདོང་ལེན་རུ་ཁག་གི་སྐེ་དཀྲིས་དམར་པོའི་འགྲེལ་བཤད་པར་འཕྲིན་ལན་སྤྲིངས་བ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༦ ཚེས་ ༢

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐོན་ཉེར་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་དང་པོའི་རྗེས་དྲན་ཁང་དང་ནན་ཧུའུ་གསར་བརྗེའི་རྗེས་དྲན་ཁང་གི་ན་ཆུང་གདོང་ལེན་རུ་ཁག་གི་སྐེ་དཀྲིས་དམར་པོའི་འགྲེལ་བཤད་པར་འཕྲིན་ལན་སྤྲིངས་ནས། ཁོ་ཚོ་ལ་སྙིང་ཉེ་བའི་སྐུལ་ལྕག་གནང་བ་དང་འབྲེལ། རྒྱལ་ཡོངས་ཀྱི་ན་ཆུང་བྱིས་པ་ཚོ་ལ་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་འཕྲིན་ལན་དུ་གསུངས་རྒྱུར། ཁྱོད་ཚོས་ཚོགས་ཆེན་དང་པོའི་ཚོགས་གནས་དང་ནན་ཧུའུ་མཚེའུ་ཡི་གྲུ་གཟིངས་དམར་པོའི་འགྲམ་དུ་བློ་རྩེ་གཏད་ཅིང་བརྩེ་འདང་ལྡན་པའི་ངང་ཏང་གི་ལོ་རྒྱུས་དང་། གསར་བརྗེའི་གཏམ་རྒྱུད། དཔའ་བོའི་མཛད་རྗེས་བཅས་འགྲེལ་བཤད་བྱས་ནས། ཏང་གཅེས་དང་རྒྱལ་གཅེས།  སྤྱི་ཚོགས་རིང་ལུགས་ལ་གཅེས་པའི་བརྩེ་འདང་ཟབ་མོ་མི་སེམས་སུ་འཇགས་པར་བྱས་པ་བརྒྱུད། སྦྱོང་བརྡར་དང་བློ་སྐྱེད་བྱུང་ཡོད་པ་ཐོས་པས། ང་ཧ་ཅང་དགའ་པོ་བྱུང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པའི་ལོ་ཡིན། ཏང་གི་ལས་དོན་ལ་མི་རབས་ནས་མི་རབས་བར་མུ་མཐུད་དུ་འབད་འཐབ་བྱེད་དགོས། ཁྱོད་ཚོས་རུ་དར་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། ཤེས་བྱ་དང་འཇོན་ཐང་ཆེ་རུ་གཏོང་བ། སྙིང་སྟོབས་སྡུག་རུས་སྦྱོང་བརྡར་བྱེད་པ། ཏང་དང་མི་དམངས་ཀྱི་རྒྱུན་འཛིན་པ་བྱས་ཏེ། འཐབ་ལམ་གསར་པའི་ལམ་དུ་སྔ་ཤུལ་རྗེས་འཛིན་ཡག་པོ་བྱེད་པའི་རེ་བ་ཡོད།

2021ལོར། “ ཏང་གི་གཏམ་རྒྱུད་ངས་བཤད། སྐེ་དཀྲིས་དམར་པོའི་འགྲེལ་བཤད་པ་བྱེད”ཅེས་པའི་ལག་ལེན་ཉམས་ལེན་བྱེད་སྒོ་དངོས་སུ་སྤེལ་མའགོ་ཚུགས། ས་གནས་སོ་སོས་ན་ཆུང་གདོང་ལེན་རུ་མི་སྒྲིག་འཛུགས་བྱས་ཏེ་གསར་བརྗེའི་རྗེས་དྲན་ཁང་དུ་སོང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཏང་གི་གཏམ་རྒྱུད་འགྲེལ་བཤད་བྱས། ཉེ་ཆར། ཧྲང་ཧའེ་ཀྲུང་གུང་ཚོགས་ཆེན་དང་པོའི་རྗེས་དྲན་ཁང་དང་ཀྲེ་ཅང་ཅ་ཞིན་ནན་ཧུའུ་གསར་བརྗེའི་རྗེས་དྲན་ཁང་གི་ན་ཆུང་གདོང་ལེན་རུ་ཁག་གི་སྐེ་དཀྲིས་དམར་པོའི་འགྲེལ་བཤད་པའི་འཐུས་ཚབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས། འགྲེལ་འགྲེལ་བྱེད་སྒོའི་ནང་ཞུགས་ནས་གྲུབ་འབྲས་གང་ཐོབ་པ་དང་བློ་སྐྱེད་གང་བྱུང་ཚུལ་སྙན་སེང་ཞུས་པ་དང་འབྲེལ། དུས་རབས་གསར་པའི་ན་གཞོན་བཟང་པོ་ཞིག་ཏུ་འགྱུར་རྒྱུའི་ཆོད་སེམས་བསྟན། །