དཀར་མཛེས་ཁུལ་གྱི་རིག་དངོས་ཁག་7ཞིང་ཆེན་རིམ་པའི་མིང་ཐོར་ཚུད་འདུག
ཉེ་ཆར། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་ཁག་བཅུ་པའི་མིང་ཐོ་བསྒྲགས་ཏེ་ཞིང་ཆེན་ཡོངས་ཀྱི་ཁྱོན་རིག་དངོས་གནའ་ཤུལ་138གྲུབ་འབྲས་ཐོབ་པའི་མིང་ཐོར་བཀོད་པ་རེད། དེའི་ནང་དཀར་མཛེས་ཁུལ་གྱི་རྩ་ཆེན་རིག་དངོས་ཐོན་ཁུངས་7བདེ་བླག་ངང་བདམས་ཐོན་བྱུང་ནས་ཞིང་ཆེན་ཡོངས་ཀྱི་ཨང་བརྒྱད་པར་སླེབས།
ཐེངས་འདིའི་སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་ཁག་བཅུ་པའི་ཡིག་ཐོག་སྙན་ཞུའི་ལས་དོན་དེ་2025ལོའི་ཟླ་5པར་སྤེལ་འགོ་བཙུགས་ཤིང་། ཁུལ་རིག་དངོས་ཅུས་ཀྱིས་ལས་དོན་དེར་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས། གདམ་གསེས་ནན་ཏན་བཅས་བྱས་ཏེ། ཁྱོན་རིག་དངོས་ཐོན་ཁུངས་24ཡིག་ཐོག་སྙན་ཞུའི་ནང་ཞུགས་རྒྱུར་ལེགས་འདེམས་འོས་སྦྱོར་བྱས། ཞིང་ཆེན་གྱི་རིག་གནས་ཤུལ་དངོས་གཙོ་སྐྱོང་སྡེ་ཁག་གིས་རིགས་དབྱེ་གདམ་གསེས་དང་དཔྱད་གཞིའི་ཡིག་རིགས་དཔྱད་ཞིབ། ཆེད་ལས་པས་ཡུལ་དངོས་སུ་ཞིབ་བཤེར་དང་དཔྱད་དཔོག་བཅས་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་གི་བསམ་འཆར་མང་པོ་བསྡུ་ལེན་བྱས་པ་སོགས་རེས་སྐོར་མང་པོའི་ཞིབ་བཤེར་ནན་པོ་བྱས་མཐར་ཁུལ་ཡོངས་ཀྱི་དར་མདོ་དང་འདབ་པ། དཔལ་ཡུལ་སོགས་ས་གནས་ཀྱི་རིག་གནས་ཤུལ་དངོས་ཁག་7འབུར་དུ་ཐོན་ཏེ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་ལ་བདམས་པ་རེད།
ཁུལ་རིག་དངོས་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་བདམས་ཐོན་བྱུང་བའི་རིག་དངོས་ནང་གནའ་བོའི་རིག་གནས་རྗེས་ཤུལ་དང་འཛུགས་སྐྲུན། བྲག་ཕུག་དགོན་པ་དང་རྡོ་བརྐོས་བཅས་རིགས་ཆེན་པོ་གསུམ་ཚུད་ཡོད། དཀར་མཛེས་ཁུལ་གྱི་ལོ་རྒྱུས་རིག་གནས་སྣ་མང་མཉམ་འདྲེས་དང་ནང་དོན་གཏིང་ཟབ་ལ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་གཅིག་བསྡུས་ཐོག་མངོན་ཡོད། དེའི་ནང་ཕན་རོགས་གནའ་ཤུལ་དང་དར་མདོ་མི་ཉག་མཁར་རྫོང་། དེ་བཞིན་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་ཁྲོད་གསར་དུ་རྙེད་པའི་རག་ལི་མ་གནའ་ཤུལ་ལ་མཚོན་བྱེད་རང་བཞིན་ཆེན་པོ་དང་ལོ་རྒྱུས་ཀྱི་ཞིབ་འཇུག །སྒྱུ་རྩལ་གཟིགས་དཔྱད་དང་གནའ་རྫས་རྟོག་ཞིབ་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་དཀར་མཛེས་ཁུལ་གྱི་ཐོ་འགོད་གཏན་འཇགས་རིག་དངོས་བསྡོམས་འབོར་4441ལ་ཟིན་པ་དེའི་ནང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་18དང་། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་90། ཁུལ་རིམ་པའི་སྲུང་སྐྱོང་སྡེ་ཚན་204། རྫོང་རིམ་པའི་སྲུང་སྐྱོང་སྡེ་ཚན་981། གཞན་ཡང་སྤྱིར་བཏང་གི་གཏན་འཇགས་རིག་དངོས་3148ཡོད་པ་རེད། ཁུལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པར་མ་ཟད་གནས་མཆོག་དཀར་མཛེས་ཁུལ་གྱི་ལོ་རྒྱུས་རིག་གནས་ནང་དོན་ཡང་སྔར་བས་ཕུན་སུམ་ཚོགས་པོར་གྱུར།
ཁུལ་རིག་དངོས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་རྗེས་མར་ལོ་རྒྱུས་རིག་གནས་ཀྱི་ནང་དོན་མུ་མཐུད་གཏིང་ཟབ་སྔོག་འདོན་བྱས་ཏེ་དཀར་མཛེས་ཁུལ་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ཡུལ་ཁུལ་བསྐྲུན་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་རྒྱུ་ཡིན། དེ་དང་ཆབས་ཅིག་འཛམ་གླིང་གི་རིག་གནས་ཤུལ་བཞག་དང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་གནས་འགན་སྲུང་སྡེ་ཚན། གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་གལ་ཆེན་སོགས་རིམ་པ་མཐོ་བའི་རིག་གནས་སྤུས་རྟགས་གཏོད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་རིག་དངོས་ཉམས་གསོ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཉེན་མེད་འགོག་སྲུང་སྒྲིག་བཀོད་འཛུགས་སྐྲུན་སོགས་གཙོ་གནད་ལས་གཞིའི་ལོ་རྒྱུས་ཀྱི་རིག་གནས་སྲུང་སྐྱོང་ཏན་ཏིག་བྱས་ཏེ་རྩ་ཆེའི་རིག་གནས་ཤུལ་བཞག་དངོས་འབྲེལ་གསོན་ཐུབ་པ་དང་མི་རབས་ནས་མི་རབས་བར་བརྒྱུད་སྤེལ་ཐུབ་པ་བྱ་དགོས་ཞེས་བཤད་པ་རེད། །
