ཕོ་བྲང་པོ་ཏ་ལར་གཟིགས་པ་ཞེས་པ་དེ་ཟླ་བ་6ཚེས་25ཉིན་བར་བཤམ་རྒྱུ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྒྲིག་སྒྱུར། བསྟན་དབང་།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༥ ཚེས་ ༡༢

ཉེ་དུས། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་མཛེས་རྩལ་ཁང་གིས་གཉེར་འགན་འཁུར་བའི་“ཕོ་བྲང་པོ་ཏ་ལར་གཟིགས་པ་ཞེས་པའི་ཅིང་ཐིང་ཡའོ་(敬庭尧)ཡི་རི་མོའི་སྒྱུ་རྩལ་འགྲེམས་སྟོན་”ལྷ་སར་འགྲེམས་སྟོན་བྱས་པ་རེད། འདི་ནི་བོད་ལྗོངས་མཛེས་རྩལ་ཁང་གིས་གཙོ་གནད་དུ་བཏོད་པའི་སྤུས་རྟགས་འགྲེམས་སྟོན་ཏེ། “བོད་ལྗོངས་བརྗོད་བྱར་བྱས་པའི་མཛེས་རྩལ་མཁས་ཅན་གྱི་མུ་འབྲེལ་འགྲེམས་སྟོན་”ཁྲོད་ཀྱི་གལ་ཆེའི་གྲས་ཤིག་ཡིན།

ཐེངས་འདིའི་འགྲེམས་སྟོན་ནང་“ཕོ་བྲང་པོ་ཏ་ལར་གཟིགས་པ་”ཞེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ། སྐད་གྲགས་ཆེ་བའི་དམག་དཔུང་གི་སྒྱུ་རྩལ་མཁས་ཅན་སྐུ་ཞབས་ཅིང་ཐིང་ཡའོ་ཡིས་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་བོད་ལྗོངས་ཀྱི་བརྗོད་བྱར་གཏིང་ཟབ་ཏུ་ཞིབ་འཇུག་དང་གསར་རྩོམ་གནང་བའི་སྒྱུ་རྩལ་བརྩམས་ཆོས་རྩེ་གྲ་60ལྷག་ཙམ་གཅིག་སྡུད་དུ་བཤམས་ཡོད་པ་དང་། དེའི་ནང་བརྗོད་བྱ་གཙོ་བོའི་གསར་རྩོམ་དང་། ཡུལ་ལྗོངས་གསར་རྩོམ། མི་སྣ་གསར་རྩོམ་སོགས་རིགས་མི་འདྲ་བ་དུ་མ་ཚུད་ཡོད།

སྐུ་ཞབས་ཅིང་ཐིང་ཡའོ་ཡིས་སྣག་ཚ་གཞི་རྟེན་དུ་བྱེད་པ་དང་ཚོན་མདངས་སྐད་ཆར་བཏགས་ནས་གངས་ལྗོངས་ས་མཐོའི་བརྗིད་ཆགས་པའི་རི་ཀླུང་དང་། གཞུང་དྲང་བབ་ཆགས་ཀྱི་དམངས་སྲོལ། ལོ་རྒྱུས་ཀྱི་གཏིང་ཟབ་པའི་ཉམས་འགྱུར། དེ་བཞིན་དམག་དམངས་བར་གྱི་བརྩེ་སེམས་ཟབ་མོ་བཅས་སྣག་སྨྱུག་གི་ཁྲོད་དུ་གསོན་ཉམས་དོད་པོས་བཞུ་སྒྲིག་བྱས་ཡོད།《རོང་ས་དམར་པོ།》ཞེས་པ་དང་《གངས་ལྗོངས་ཀྱི་མཛེས་སྡུག》ཅེས་པ།《ཨ་ཆེན་གངས་རྒྱབ་ཀྱི་སྲུང་དམག》ཅེས་པ་སོགས་ཀྱི་བརྩམས་ཆོས་ལས་ས་མཐོའི་བུ་ཕྲུག་གི་བབ་ཆགས་ཀྱི་གཤིས་རྒྱུད་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་མཚོན་པར་བྱས་ཡོད་ལ། རི་མོའི་སྒྱུ་རྩལ་གྱི་ལམ་ནས་གངས་ལྗོངས་ཀྱི་བརྩེ་བ་མངོན་པར་བྱས་ཏེ། དུས་རབས་ཀྱི་ཉམས་འགྱུར་དང་མི་རིགས་ཀྱི་སྙིང་སྟོབས་མཚོན་པར་བྱས་ཡོད། འགྲེམས་སྟོན་འདི་ཟླ་བ་6ཚེས་25ཉིན་བར་མུ་མཐུད་དུ་བཤམ་རྒྱུ་རེད།